མི་དམངས་དྲ་བ།

༄༅།།ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་02ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་28ཉིན་དང་ཚེས་29ཉིན་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས“ཞིང་གསུམ”ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་པ་དང་འབྲེལ་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གྱི་སྲིད་ཇུས་གལ་ཆེན་ལ་ཞིབ་འཇུག་དང་2018ལོ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཞིང་ལས་དང་གྲོང་གསེབ་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
         ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
         ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི“ཞིང་གསུམ”བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འགྱུར་ལྡོག་ལ་ཕྱོགས་སྡོམ་གནང་བ་མ་ཟད། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུའི་གནད་དོན་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་བླང་བྱ་ཁ་གསལ་ཡང་བཏོན་གནང་བ་རེད། ལི་ཁེ་ཆང་གིས་གསུང་བཤད་གནང་ནས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུའི་གཙོ་གནད་ལས་འགན་བཀོད་སྒྲིག་ཞིབ་ཚགས་གནང་བ་དང་དབང་དབྱང་གིས་ཚོགས་འདུ་མཇུག་འགྲིལ་སྐབས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང“ཞིང་གསུམ”ལས་དོན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་བློ་ཁོག་ཆེན་པོས་སྐུལ་འདེད་བཏང་བར་བརྟེན་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་འགྲོ་རྒྱུར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་རྣམ་པ་གསར་པ་གཏོད་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་འཕེལ་རིམ་གསར་པ་བྱུང་བ་དང་། འབྲུ་རིགས་ཐོན་སྐྱེད་ནུས་པ་སྔར་བས་སྐས་རིམ་གསར་པར་སླེབས་པ། ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ། གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། ཞིང་ལས་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བརྟན་པོ་ཐེབས་པ་བཅས་བྱུང་ཡོད། གྲོང་གསེབ་ཀྱི་སྒྱུར་བཅོས་ལ་ཚད་བརྒལ་གསར་པ་བྱུང་བ་དང་། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གི“དབང་གསུམ་ཁག་བགོས”ལ་འཕེལ་རིམ་ཆེན་པོ་བྱུང་བ། གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་ཐེབས་པ། མ་རྨོས་ལོ་ཏོག་དང་། སྲན་ཆེན། སྲིང་བལ་སོགས་ཞིང་ལས་ཐོན་ཟོག་གལ་ཆེན་གསོག་ཉར་ལམ་ལུགས་ཀྱི་སྒྱུར་བཅོས་ལ་ངོ་བོའི་རང་བཞིན་གྱི་ཕན་འབྲས་ཐོན་པ་བཅས་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གཞི་གཅིག་ཅན་གྱི་ཐད་གོམ་སྟབས་གསར་པ་སྤོས་པ་དང་། ཞིང་པའི་ཡོང་འབབ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་ལོ་བསྟུད་མར་འཕར་མགྱོགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་དང་རྒན་གསོའི་ལམ་ལུགས་ཟུང་འབྲེལ་ཐུབ་པ། ཞིང་ལས་གཞན་སྒྱུར་མི་འབོར་ཁྲི་8000ལྷག་ཙམ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་གྱུར་པ་བཅས་བྱུང་ཡོད། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་བྱ་གཞག་ཆུ་ཚད་གསར་པར་སླེབས་པ་དང་། གྲོང་གསེབ་ཀྱི་སློབ་གསོ་དང་། རིག་གནས། འཕྲོད་བསྟེན་སོགས་སྤྱི་ཚོགས་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ། གྲོང་གསེབ་ཀྱི་ཆུ་དང་། གློག ལམ། རང་བྱུང་སོལ་རླངས། སྡོད་ཁང་བཅས་དང་དེ་བཞིན་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ཕྱོགས་ཡོངས་ནས་མགྱོགས་སུ་ཕྱིན་པ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཐུབ་པ་བཅས་བྱུང་ཡོད། དབུལ་སྒྲོལ་འགག་སྒྲོལ་ཐད་རྣམ་པ་གསར་པ་བཏོད་པ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་བྱེད་ཐབས་དམིགས་སར་འཁྱོལ་ནས་ཕན་འབྲས་ཐོན་པ། མི་འབོར་དབུལ་པོ་ཁྲི་6600ལྷག་ཙམ་དབུལ་སྒྲོལ་ཐུབ་པ། དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བཅས་བྱུང་ཡོད། གྲོང་གསེབ་ཀྱི་སྤྱི་ཚོགས་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། གྲོང་གསེབ་ཏུ་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཟབ་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས། ཏང་གིས་གྲོང་གསེབ་ཏུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ་བཅས་བྱུང་ཡོད།
         ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་འབྲེལ་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ཡོད། འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དེ་དག་ནི་རང་རེའི་ཏང་གི“ཞིང་གསུམ”གྱི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་ཤོས་ཤིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག འདས་ཟིན་པའི་ལོ་ལྔའི་རིང་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ལ་ཁྲིད་སྟོན་བྱེད་པའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཤིག་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་དང་དུས་རབས་གསར་པའི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་ཡིན་པས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་འབྲེལ་གྲོང་གསེབ་དར་རྒྱས་ཀྱི་ཞིབ་ཕྲའི་ལག་ལེན་ནང་ལག་བསྟར་གཏིང་ཟབ་བྱེད་དགོས། གཅིག་ནས་ཏང་གིས་གྲོང་གསེབ་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“ཞིང་གསུམ”འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱེད་པ་དང་། གཉིས་ནས་གལ་ཆེན་ནང་གི་འགངས་ཆེའི་འཐབ་ཇུས་གནས་བབ་མཐའ་འཁྱོངས་བྱས་ཏེ་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་པ། གསུམ་ནས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུ་མགྱོགས་མྱུར་སྐུལ་འདེད་གཏོང་བ། བཞི་ནས་རྒྱལ་ནང་གི་འགན་ལེན་མཁོ་སྤྲོད་ལ་གཞིགས་པའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་པ། ལྔ་ནས་གྲོང་གསེབ་ཀྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བ་བྱེད་པ། དྲུག་ནས་ལྗང་མདོག་སྣོད་བཅུད་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་ཞིང་ལས་དང་གྲོང་གསེབ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།
         བདུན་ནས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱ་ཆེའི་ཞིང་པར་ཐོབ་ཚོར་དེ་བས་མང་བ་ཐོབ་པ་བྱེད་པ། བརྒྱད་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ་མཛེས་སྡུག་ལྡན་ལ་མི་སྡོད་ལ་འཚམ་པའི་གྲོང་གསེབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་ཡིན། ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་མེད་ཚེ་རྒྱལ་ཁབ་ཀྱི་དེང་རབས་ཅན་ཡོང་མི་སྲིད། ཞིང་ལས་སྟོབས་ཆེན་ཡིན་མིན་དང་། གྲོང་གསེབ་མཛེས་སྡུག་ལྡན་མིན། ཞིང་པ་ཕྱུག་པོ་ཡིན་མིན་བཅས་ཀྱིས་ཞིང་པ་དུང་ཕྱུར་ཁ་ཤས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་གཏན་འཁེལ་བྱེད་པ་མ་ཟད། རང་རྒྱལ་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྤུས་ཚད་ཀྱི་གྲུབ་ཆ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྤུས་ཚད་ཀྱང་གཏན་འཁེལ་བྱེད་ཀྱི་ཡོད།
         ཚོགས་འདུའི་ཐོག་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་དམིགས་ཚད་ལས་འགན་དང་གཞི་རྩའི་རྩ་དོན་བཏོན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་བཏོན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་མཚམས་གཉིས་སུ་དབྱེ་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་དམིགས་ཚད་དང་ལས་འགན་ནི་2020ལོར་སླེབས་སྐབས་གྲོང་གསེབ་དར་རྒྱས་ལ་འཕེལ་རིམ་ཆེན་པོ་བྱུང་བ་བྱས་ནས་ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་ཀྱི་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་བྱ་རྒྱུ་དང་། 2035ལོར་སླེབས་སྐབས་གྲོང་གསེབ་དར་རྒྱས་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་བྱུང་བ་བྱས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ། 2050ལོར་སླེབས་སྐབས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བ་བྱས་ཏེ་ཞིང་ལས་སྟོབས་ཆེན་དང་། གྲོང་གསེབ་མཛེས་སྡུག་ལྡན་པ། ཞིང་པ་ཕྱུག་པོ་བཅས་ཕྱོགས་ཡོངས་ནས་མངོན་འགྱུར་བྱ་རྒྱུ་དེ་ཡིན། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་དགོས་ན། ཏང་གིས་གྲོབ་གསེབ་ལས་དོན་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། ཞིང་པའི་བྱེད་པོའི་གནས་བབ་མཐའ་འཁྱོངས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུ་མཐའ་འཁྱོངས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་རྒྱུ་མཐའ་འཁྱོངས། ཡུལ་བབ་དང་བསྟུན་པ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ལམ་བུའི་ཐོག་སྐྱོད་པར་གཅིག་ནས་ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་བསྐྱར་དུ་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ལམ་བུར་སྐྱོད་དགོས་པ་དང་། གཉིས་ནས་ངེས་པར་དུ་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་བརྟན་དུ་གཏོང་བ་དང་འཐུས་སྒོ་ཚང་དུ་བཏང་ནས་ཐུན་མོང་གི་འབྱོར་ཕྱུག་ལམ་བུར་སྐྱོད་དགོས། གསུམ་ནས་ངེས་པར་དུ་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་ཀྱི་ལམ་བུར་སྐྱོད་དགོས། བཞི་ནས་ངེས་པར་དུ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱས་ནས་གྲོང་གསེབ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། ལྔ་ནས་ངེས་པར་དུ་ཞིང་ལས་རྨོ་འདེབས་ཀྱི་ཤེས་དཔལ་རྒྱུན་འཛིན་དང་། དར་སྤེལ། མཐོར་གཏོང་བཅས་བྱས་ནས་གྲོང་གསེབ་རིག་གནས་དར་རྒྱས་ཀྱི་ལམ་བུར་སྐྱོད་དགོས། དྲུག་ནས་ངེས་པར་དུ་གྲོང་གསེབ་ཀྱི་བཅོས་སྒྲིག་མ་ལག་གསར་གཏོད་བྱས་ནས་གྲོང་གསེབ་བཅོས་སྒྲིག་བྱེད་མཁས་པའི་ལམ་བུར་སྐྱོད་དགོས། བདུན་ནས་ངེས་པར་དུ་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་པོ་ཉུང་གཏོང་གི་ལམ་བུར་སྐྱོད་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་ངེས་པར་དུ་སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་ལམ་ལུགས་རང་བཞིན་གྱི་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་དགོས། རྒྱུ་ནོར་བདག་དབང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་རྒྱུ་རྐྱེན་གཙོ་བོའི་ཁྲོམ་རའི་བཀོད་སྒྲིག་གཙོ་གནད་དུ་བྱས་ནས་བྱེད་པོ་དང་། རྒྱུ་རྐྱེན་གཙོ་བོ། ཁྲོམ་ར་བཅས་སྐུལ་སྤེལ་བྱས་ཏེ་སྒྱུར་བཅོས་ཀྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་འབྲེལ་བ་བརྟན་པོ་དང་ཡུན་རིང་མི་འགྱུར་བའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་དུས་ཡུན་ཐིམ་རྗེས་ལོ་30བསྐྱར་དུ་ནར་འགྱངས་བྱེད་པའི་སྲིད་ཇུས་སྦྲེལ་མཐུད་དང་དོན་འཁྱོལ་ཡག་པོ་བྱེད་པ་དང་། ས་ཞིང་འགན་གཙང་གི“དབང་གསུམ་ཁག་དབྱེའི”ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཞིང་པའི་བེད་མེད་ས་ཁང་དང་བེད་མེད་སྡོད་ཁང་གི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་ལམ་ལུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཞིང་ལས་ཐོན་ཟོག་གི་གསོག་ཉར་ལམ་ལུགས་དང་རིན་གོང་གྲུབ་པའི་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཞིང་ལས་དང་གྲོང་གསེབ་ཀྱི“ལྷོད་དམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་པར་ཚོད་འཛིན་བཟོ་བའི་ལུགས་མཐུན་མིན་པའི་བཀག་སྡོམ་དང་མཐོང་ཆུང་མཐའ་དག་མེད་པ་བཟོ་དགོས། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་གྲོང་གསེབ་དར་རྒྱས་ཀྱི་ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས། ལས་རིགས་ཞིང་པའི་ལམ་ལུགས་ཁྱོན་ཡོངས་ནས་བཙུགས་ཏེ་གྲོང་གསེབ་ཀྱི་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཚན་ཞིབ་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་པ་འདོན་སྤེལ། བཟོ་ཚོང་མ་རྩ་གྲོང་གསེབ་དར་རྒྱས་ནང་གཏོང་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བཅས་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་གྲོང་གསེབ་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་དགོས། མ་འཇོག་དང་མ་དངུལ་མཉམ་བསྡུའི་ཐབས་ལམ་རྒྱ་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་ལ་མ་དངུལ་གཏོང་བའི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གྱི་ནོར་སྲིད་མ་འཇོག་འགན་ལེན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་པའི་ནོར་སྲིད“ཞིང་གསུམ”ལ་གཏོང་ཤུགས་ཆེ་རུ་གཏོང་དགོས། རྨོ་ཞིང་བཟུང་བའི་ཁ་གསབ་ཀྱི་དོ་སྙོམས་དོ་དམ་བྱེད་ཐབས་ལེགས་སུ་གཏོང་དགོས། ཞིང་ལས་དང་གྲོང་གསེབ་ཀྱི་ཁྱད་ཆོས་དང་འཚམ་པའི་གྲོང་གསེབ་ཀྱི་དངུལ་རྩའི་མ་ལག་བཙུགས་ནས་དངུལ་རྩའི་ཞབས་ཞུའི་རྣམ་པ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་དངུལ་རྩས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གྲོང་གསེབ་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས་གྲོང་གསེབ་དར་རྒྱས་ཡོང་བའི་འགག་རྩ་དེ་ཏང་ལ་ཐུག་པས་ངེས་པར་དུ་ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གིས་ཁ་ཕྱོགས་གསལ་སྟོན་དང་། སྤྱི་ཡོངས་ལ་ཇུས་འགོད། སྲིད་ཇུས་གཏན་འཁེལ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་དང་ངེས་གནས་ཆེ་རུ་གཏོང་བ། ཏང་གིས་སྔ་ཕྱི་བར་གསུམ་དུ་ཁྱོན་ཡོངས་འཛིན་སྐྱོང་དང་ཕྱོགས་ཁག་དང་མཐུན་སྦྱོར་བྱ་རྒྱུ་འགན་ལེན་བཅས་བྱས་ནས་དུས་རབས་གསར་པར་གྲོང་གསེབ་ལས་དོན་ལ་འགོ་ཁྲིད་པའི་ཏང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བཟོ་ལས་དང་ཞིང་ལས་མཉམ་དུ་དམ་འཛིན་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ལས་བྱེད་པ་བཀོད་སྒྲིག་ཐད་སྔོན་ལ་བསམ་བློ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག་ཐད་སྔོན་ལ་འདོད་བློ་སྐོང་བ། སྤྱི་པའི་ནོར་སྲིད་གཏོང་བའི་ཐད་སྔོན་ལ་འགན་ལེན་བྱེད་པ། སྤྱི་པའི་ཞབས་ཞུའི་ཐད་སྔོན་ལ་བཀོད་སྒྲིག་བཅས་བྱེད་དགོས། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར་བ། ཏང་ཨུད་གྲོང་གསེབ་ལས་དོན་སྡེ་ཚན་གྱིས་སྤྱི་འདོམས་མཐུན་སྦྱོར་བཅས་བྱེད་པའི་གྲོང་གསེབ་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གྱི་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་བཙུགས་ནས་ཀྲུང་དབྱང་གིས་སྤྱི་འདོམས་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་ལག་བསྟར་བྱེད་དགོས། ཏང་སྲིད་ཀྱི་གཙོ་འགན་འཁུར་མཁན་ནི་འགན་འཁྲི་བ་ཨང་དང་པོ་ཡིན་པ་དང་རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་དམ་འཛིན་བྱེད་དགོས། “ཞིང་གསུམ”ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་དང་། བཀོད་སྒྲིག དོ་དམ། སྤྱོད་པ་བཅས་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་འཐབ་ས་དང་པོར་སྦྱོང་བརྡར་བྱ་རྒྱུ་དེ་ལས་བྱེད་པ་གསོ་སྐྱོང་གི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཤེས་ལྡན་མི་སྣ་གྲོང་གསེབ་དང་གཞི་རིམ་གྱི་འཐབ་ས་དང་པོར་སྐོར་སྐྱོད་བྱེད་པའི་མི་སྤྱོད་ཕྱོགས་སྟོན་ཆགས་པར་བྱས་ནས་ཞིང་ལས་ལ་རྒྱུས་མངའ་དང་། གྲོང་གསེབ་ལ་དགའ་ཞེན། ཞིང་པར་དགའ་ཞེན་བཅས་ཡོད་པའི་གྲོང་གསེབ་ཀྱི་ལས་དོན་གྱི་དཔུང་ཁག་ཅིག་བསྐྲུན་དགོས། གྲོང་གསེབ་དར་རྒྱས་འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་འཆར་འགོད་བཟོས་ཏེ་ལས་གྲྭ་གལ་ཆེན་དང་། འཆར་གཞི་གལ་ཆེན། བྱ་སྤྱོད་གལ་ཆེན་བཅས་ཁག་གཅིག་བཀོད་སྒྲིག་བྱེད་དགོས། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུ་ནི་དུས་ཡུན་རིང་པོའི་ལོ་རྒྱུས་རང་བཞིན་གྱི་ལས་འགན་ཞིག་ཡིན་པས། ཚན་རིག་དང་མཐུན་པའི་འཆར་འགོད་དང་། སྤུས་ཚད་ལ་སྣང་ཆེན། གཟབ་ལྷིང་གིས་འཛུགས་སྐྲུན་བཅས་བྱས་ཏེ་མགྱོགས་ཚད་དོན་དུ་གཉེར་མི་རུང་ལ་དར་བཟོ་དང་བསྟུན་ནས་ལས་འགུལ་ཡང་དེ་བས་སྤེལ་མི་རུང་།
         ཚོགས་འདུའི་ཐོག་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་གནམ་ས་ཡངས་ལ་མདུན་ལམ་ཆེན་པོ་ལྡན་པའི་གྲོང་གསེབ་ཀྱིས་ཐོབ་པར་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་བསུ་ཐུབ། ང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་སྟོན་ཕྱོགས་ངེས་དང་། ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་། འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ཚན་རིག་དང་མཐུན་པའི་ཐབས་ཇུས་བཅས་དང་། ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་ཞུགས་པ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེན་པོ། ཞིང་པ་དུང་ཕྱུར་མང་པོའི་གསར་གཏོད་ཀྱི་སྙིང་སྟོབས། དཔལ་འབྱོར་སྟོབས་ཤུགས་ཀྱི་འདེགས་སྐྱོར་ཆེན་པོ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞིང་ལས་རྨོ་འདེབས་ཀྱི་ཤེས་དཔལ། དར་རྒྱས་ཆེ་བའི་ཁྲོམ་རའི་དགོས་མཁོ་བཅས་ཡོད་པས་གྲོང་གསེབ་དར་རྒྱས་འགྲོ་ངེས་རེད། ང་ཚོས་ངེས་པར་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཡིད་ཆེས་བརྟན་པོ་དང་། དམིགས་ཚད་ལ་དམ་པོར་དམིགས་པ། དཀའ་སྒྲུབ་དངོས་སྒྲུབ། སྙིང་རུས་གཏན་འཁྱོངས་བཅས་ཀྱི་ཐོག་ནས་ཏན་ཏན་ཏིག་ཏིག་ངང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
         ཚོགས་འདུའི་ཐོག ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་གསར་འབྱེད་ཡར་བརྩོན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་པའི་འབོད་སྐུལ་བྱས་ཡོད།