མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་2018ལོའི་དམག་སྦྱོང་འགོ་འཛུགས་ཀྱི་སྐུལ་སློང་ཚོགས་ཆེན་འཚོགས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་05ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་2018ལོའི་དམག་སྦྱོང་འགོ་འཛུགས་ཀྱི་སྐུལ་སློང་ཚོགས་ཆེན་འཚོགས།

          མི་དམངས་དྲ་འི་འཕྲིན། ལོ་གསར་པ་ཤར་བའི་སྐབས་རྣམ་པ་ཡོངས་རྫོགས་གསར་པར་གྱུར་པ་དང་བསྟུན་དམག་ཡོངས་ཀྱི་གོང་འོག་ཚང་མར་དམག་རྟ་གོ་མཚོན་གྱི་གྲབས་གཤོམ་བྱས་ནས་དམག་སྦྱོང་བྱེད་བཞིན་ཡོད། ཚེས་3ཉིན་གྱི་སྔ་དྲོ་ཀྲུང་དབྱང་དམག་ཨུད་ཀྱིས་2018ལོའི་དམག་སྦྱོང་འགོ་འཛུགས་ཀྱི་སྐུལ་སློང་ཚོགས་ཆེན་གཟབ་རྒྱས་ཤིག་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དམག་ཡོངས་ལ་དམག་སྦྱོང་གི་བཀའ་བཏང་གནང་ནས་དམག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དོན་འཁྱོལ་དང་དངོས་འཐབ་ཅན་གྱི་དམག་སྦྱོང་སྦྱོང་བརྡར་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁ་ལེན་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་གནང་བ་རེད།
         དགུན་ཨ་རང་ད་རང་གི་ཧྭ་བྱང་ས་གཞི་ཆེ་མོར་གྲང་ངར་ཤིན་ཏུ་ཆེ་བ་དང་སྦྱོང་བརྡར་བྱ་ཡུལ་དུ་སྐྱེ་སྟོབས་ཀྱི་གསོན་ཤུགས་འཕེལ་ནས་སྤྲོ་སེམས་ཀྱིས་ཁེངས་ཡོད། སྦྱོང་བརྡར་འགོ་འཛུགས་ཀྱི་སྐུལ་སློང་ཚོགས་ཆེན་འཚོག་ཡུལ་གཙོ་བོ་དབུས་རྒྱུད་དམག་ཁུལ་སྐམ་དམག་ཐོན་ཞིག་གི་ཚ་ཁ་བལྟ་སར་དཔོན་དམག་7000ལྷག་ཙམ་གྱིས་དྲག་ཆས་ཆ་ཚང་སྤྲས་ནས་བརྗིད་ཉམས་ལྡན་པའི་ངང་རུ་སྒྲིག་ནས་བསྡད་ཡོད་པ་མ་ཟད། གོ་མཚོན་300ཙམ་བརྗིད་ཉམས་ལྡན་པའི་ངང་གྲལ་སྒྲིག་པོས་བཞག་ཡོད། དམག་གཟིགས་སྟེགས་བུའི་ཐོག“ཀྲུང་དབྱང་དམག་ཨུད་ཀྱི་2018ལོའི་དམག་སྦྱོང་འགོ་འཛུགས་ཀྱི་སྐུལ་སློང་ཚོགས་ཆེན”ཞེས་པའི་འཕྲེད་འགེལ་ཡི་གེ་བཀལ་ཡོད། “དངོས་འཐབ་ཀྱི་བླང་བྱ་གཞིར་བཟུང་སྦྱོང་བརྡར་དང་། སྦྱོང་བརྡར་གཞིར་བཟུང་དངོས་འཐབ། སྦྱོང་བརྡར་དང་དངོས་འཐབ་གཞི་གཅིག་ཅན་དུ་འགྱུར་བ་བྱེད་པ”དང“བསྐོངས་ན་འཛོམས་ཐུབ་པ་དང་། འཛོམས་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ངེས”བཅས་ཀྱི་ཡིག་འབྲུ་ཧ་ཅང་མངོན་གསལ་དོད་པོ་ཡོད། དེ་དང་ཕྱོགས་མཚུངས་དམག་ཡོངས་སུ་ཡན་ལག་ཚོགས་ར་4000ཙམ་བཀོད་སྒྲིག་བྱས་ཡོད་པ་དེ་དག་སྐམ་དམག་དང་། མཁའ་དམག མཚོ་དམག འཕུར་མདེལ་དམག འཐབ་ཇུས་རོགས་སྐྱོར་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔུང་སྡེའི་ཐང་འཐབ་ཅན་གྱི་ཡན་ལག་ཚོགས་ར་བཅས་རེད། མཐའ་ཡས་ནགས་ཚལ་ཁུལ་དང་ཁ་བས་བཀླུབས་པའི་ཡུལ་ནས་གནམ་མཐའ་མཚོ་གཏིང་བར་དང་། ནུབ་བྱང་གི་བྱེ་ཐང་ཆེན་པོ་ནས་ཤར་ལྷོའི་མཚོ་རྒྱུད་བར། དབུས་རྒྱུད་ནས་ལེ་དབར་སྟོང་གི་མཐའ་མཚམས་འགག་སྒོ་བར་དམག་རིགས་གསུམ་གྱི་དཔོན་དམག་ཚོས་བརྗིད་ཉམས་དང་ལྡན་པའི་ངང་བཀའ་སྒུག་ནས་བསྡད་ཡོད། དེ་ནི་ཀྲུང་དབྱང་དམག་ཨུད་ཀྱིས་དམག་ཡོངས་གཅིག་གྱུར་སྒྲིག་འཛུགས་བྱས་ནས་སྦྱོང་བརྡར་བྱེད་འགོ་ཚུགས་པའི་སྐུལ་སློང་བྱེད་ཐེངས་དང་པོ་དང་མི་དམངས་དམག་དཔུང་གིས་དུས་རབས་གསར་པའི་དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་རྒྱག་པའི་བཀྲག་མདངས་འཚེར་ས་གསར་རྐྱང་ཞིག་ཀྱང་རེད།
        ཆུ་ཚོད་བཅུ་པ་ཏག་ཏག་ལ་ཞི་ཅིན་ཕིང་གིས་དམག་ཆས་སྤྲས་ནས་ཚོགས་ར་གཙོ་བོའི་དམག་གཟིགས་སྟེགས་བུའི་ཐོག་ཕེབས་པ་རེད། དམག་སྦྱོང་བྱེད་འགོ་ཚུགས་པའི་སྐུལ་སློང་ཚོགས་ཆེན་འགོ་ཚུགས་པ་དང་བསྟུན་དཔོན་དམག་ཚོས་སྐད་གསང་མཐོན་པོས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུ་བཏང་མ་ཐག་ནམ་མཁར་བྲག་ཅ་འཁོར་ནས་སྒར་ས་ཡོངས་སུ་ཁྱབ།
        དེ་རྗེས་ཞི་ཅིན་ཕིང་གིས་དམག་ཡོངས་ལ་སྦྱོང་བརྡར་བྱ་རྒྱུའི་བཀའ་བཏང་བ་རེད། ཁོང་གིས་དམག་ཡོངས་ཀྱི་རིམ་པ་ཁག་གིས་དམག་སྦྱོང་དམག་གྲབས་ཀྱི་ཕྱོགས་སྟོན་གསལ་པོར་ཤུགས་སྣོན་བརྒྱབ་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དམག་དོན་སྦྱོང་བརྡར་བྱ་རྒྱུ་དེ་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་པ་དང་ལས་ཀའི་ལྟེ་བར་བརྩིས་ཏེ་དམ་འཛིན་ལྷོད་མེད་དང་གྲུབ་འབྲས་ཐོབ་པ་བྱེད་དགོས། འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་གོང་གིས་འོག་གི་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་དང་། དངོས་འཐབ་དངོས་སྦྱོང་དང་མཉམ་འཐབ་མཉམ་སྦྱོང་མཐའ་འཁྱོངས། རྩ་འཛིན་ལ་གཞིགས་ནས་དམག་སྦྱོང་དང་དམག་སྦྱོང་བཅོས་སྒྲིག་ནན་པོ་མཐའ་འཁྱོངས་བཅས་བྱེད་དགོས། སྦྱོང་བརྡར་གྱི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། སྦྱོང་བརྡར་གྱི་བྱ་ཐབས་གསར་གཏོད་བྱེད་པ། སྦྱོང་བརྡར་འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ། སྦྱོང་བརྡར་གྱི་ལྟ་ཞིབ་ནན་དུ་གཏོང་བ་བཅས་ཀྱི་སྒོ་ནས་མང་ཚོགས་རང་བཞིན་གྱི་དམག་སྦྱོང་རྩལ་འགྲན་གྱི་བྱེད་སྒོ་སྤེལ་བ་དང་། དམིགས་སའི་རང་བཞིན་དང་འགྲན་རྒོལ་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། དམག་དོན་སྦྱོང་བརྡར་གྱི་དངོས་འཐབ་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་བ། དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་འཇོན་ཐང་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས། དམག་ཡོངས་ཀྱི་བཀོད་འཐབ་པས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་མཛུབ་སྟོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་ཤི་རྒྱུར་མི་སྐྲག་པའི་དམག་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དཀའ་སྤྱད་སྙིང་རུས་ཀྱི་སྒོ་ནས་སྦྱོང་བརྡར་དང་ཚན་རིག་དང་མཐུན་པའི་སྦྱོང་བརྡར་བྱེད་པ། དཀའ་ངལ་ལས་རྣམ་པར་རྒྱལ་ཕོད་པ། ཁ་གཏད་ལས་རྒྱལ་ཕོད་པ། བསྐོང་ན་འཛོམས་ཐུབ་པ་དང་། འཛོམས་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ངེས་བཅས་ཀྱི་དམག་ཧྲག་ཅིག་གཏོད་པ་བཅས་ཀྱི་སྒོ་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་དགོས་པའི་བཀའ་བཏང་བ་རེད།
         ཞི་ཅིན་ཕིང་གིས་སྦྱོང་བརྡར་གྱི་བཀའ་བཏང་མ་ཐག་ས་གནས་ས་ཐོག་ཏུ་འབྲུག་སྒྲ་ལྡིར་བ་ལྟར་གྱི་ཐལ་མོའི་རྡེབ་སྒྲས་ཁེངས་པ་རེད།
        སྤྱི་ཁྱབ་བཀོད་འདོམས་པའི་བཀའ་ཕབ་མ་ཐག་དམག་ཡོངས་ཀྱིས་གཅིག་གྱུར་ཐོག་བྱ་སྤྱོད་སྤེལ་བ་རེད། དམག་སྦྱོང་གི་བཀའ་དང་ལེན་ཞུས་རྗེས་ས་གནས་ས་ཐོག་གི་དཔོན་དམག་ཚོས་དམར་མདངས་བཀྲ་བའི་བརྒྱད་གཅིག་དམག་དར་ལ་ཕྱོགས་ནས་དམག་མིའི་དམ་བཅའ་སྐད་གསང་མཐོན་པོས་བཞག དམག་དར་ལྷབ་ལྷུབ་ཏུ་གཡོ་བའི་སྒྲ་དང་དམ་བཅའི་སྐད་སྒྲ་གསལ་བའི་ཐོག་ནས་དཔོན་དམག་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་དང་ལེན་ཞུ་བ་དང་དམག་སྦྱོང་དམག་གྲབས་ལ་དམ་འཛིན་བྱེད་པའི་བློ་སྟོབས་ཆེན་པོ་གང་ལེགས་མངོན་ཡོད་པ་རེད།
        2018ལོའི་དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་དངོས་སུ་བྱེད་འགོ་ཚུགས་པ་དང་དཔུང་སྡེ་ཁག་གིས་འཆར་གཞི་བཞིན་སྦྱོང་བརྡར་བྱས་ཡོད། ཚོགས་ར་གཙོ་བོའི་དཔོན་དམག་ཚོ་དམག་འཐབ་རླངས་འཁོར་ནང་ཞུགས་པ་སོགས་ཀྱི་བྱ་སྤྱོད་འཕྲལ་མར་སྤེལ་བས། སྐབས་ཤིག་རིང་འབོད་སྒྲས་མཁའ་དབྱིངས་སུ་བྲག་ཅ་འཁོར་བ་དང་འཕྲུལ་འཁོར་གྱི་འུར་སྒྲས་ཁེངས་ཏེ་འབྲུག་འཕྱོ་སྟག་མཆོང་གི་རྣམ་པ་ཞིག་མངོན་ཡོད། ཞི་ཅིན་ཕིང་གིས་ཚོགས་ར་གཙོ་བོའི་དཔོན་དམག་ལ་ས་གནས་ས་ཐོག་ཏུ་དམག་གཟིགས་གནང་བ་དང་འབྲེལ་ས་གནས་སུ་བཅའ་སྡོད་འཕྲུལ་སྒུལ་གཅིག་སྡུད་བྱ་ཚུལ་ལ་བསྔགས་བརྗོད་གནང་བ་རེད།
       ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་དེ་དམག་དཔུང་ཁག་གི་དམག་རིགས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཐང་འཐབ་ཡན་ལག་ཚོགས་རར་སྦྱོང་བརྡར་བྱེད་འགོ་ཚུགས་པའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ལྕགས་ཁྲབ་འཁོར་ལོ་འུར་འུར་དུ་སྐྱོད་པ་དང་། དམག་གྲུ་མདའ་འཕངས་པ་ལྟར་མྱུར་བར་སྐྱོད་པ། དམག་འཐབ་གནམ་གྲུ་ནམ་མཁར་འུར་སྒྲ་དང་བཅས་འཕུར་བ་སོགས་དམག་ཡོངས་ཀྱི་གོང་འོག་ཚང་མར་ཆབ་སྲིད་ཀྱི་སྤྲོ་སེམས་དང་དཔའ་ངར་ཆེར་སྐྱེད་ཀྱི་དམག་འཐབ་བློ་སྟོབས་ཀྱིས་ཁེངས་ནས་ཀྲུང་ཧྭའི་ས་གཞི་ཆེ་མོར་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་གྱི་ཚ་རླབས་ཤིག་གང་མྱུར་འཕྱུར་བ་རེད།

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་2018ལོའི་དམག་སྦྱོང་འགོ་འཛུགས་ཀྱི་སྐུལ་སློང་ཚོགས་ཆེན་འཚོགས།