མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དབུས་རྒྱུད་དམག་འཐབ་ཁུལ་གྱི་སྐམ་དམག་ཧྲི་ཞིག་ལ་གཟིགས་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་06ཉིན། 17:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་དབུས་རྒྱུད་དམག་འཐབ་ཁུལ་གྱི་སྐམ་དམག་ཧྲི་ཞིག་ལ་གཟིགས་ཞིབ་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་3ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དབུས་རྒྱུད་དམག་འཐབ་ཁུལ་གྱི་སྐམ་དམག་ཧྲི་ཞིག་ལ་གཟིགས་ཞིབ་གནང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཆེན་པོ་བྱེད་པ། གྲངས་གཞི་ཅན་གྱི་དཔུང་སྡེ་འཛུགས་སྐྱོང་དོ་དམ་དང་དམག་རྒྱག་བཀོལ་སྤྱོད་ཀྱི་གསར་གཏོད་ལ་སྐུལ་མ་གཏིང་ཟབ་གཏོང་བ་བཅས་ཀྱི་སྒོ་ནས་ནུས་ཤུགས་ཡོད་རྒུས་དམག་འཐབ་ཡག་པོ་རྒྱག་པའི་སྟོབས་ཤུགས་ཧྲག་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག ཡུལ་དམག་གི་གྲ་སྒྲིག་དམག་ཞབས་མི་སྣ་ཡོངས་ལ་ལོ་གསར་པའི་བཀྲ་ཤིས་སྨོན་འདུན་ཞུས་གནང་བ་རེད།
        ལོ་གསར་པ་ཤར་བའི་ཚེ་ས་གཞི་ཆེ་མོར་སྐྱེ་སྟོབས་ཀྱི་དཔལ་འབར། ཚེས་3ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ཞི་ཅིན་ཕིང་དབུས་རྒྱུད་དམག་འཐབ་ཁུལ་གྱི་སྐམ་དམག་ཧྲི་ཞིག་ཏུ་ཕེབས་ཤིང་། ཁོང་གིས་དང་ཐོག་དཔུང་སྡེའི་གོ་མཚོན་དང་སྒྲིག་ཆས་ལ་གཟིགས་ཞིབ་གནང་བ་རེད། གྲངས་གཞི་ཅན་གྱི་སྒྲིག་ཆས་བཅུ་གྲངས་གྲལ་སྟར་སྒྲིག་པོས་བཞག་པ་རྣམས་བརྗིད་ཉམས་ལྡན་པས་ཞི་ཅིན་ཕིང་གིས་ཕེབས་ཞོར་དུ་གཟིགས་ཞིབ་གནང་བ་དང་ཆབས་ཅིག་བཀའ་འདྲི་ཡང་ཡང་གནང་། ས་ངོས་ཀྱི་འཕྲལ་རྒོལ་མ་ལག་སྒྲིག་ཆས་ཀྱི་མདུན་དུ་ཞི་ཅིན་ཕིང་གིས་སྤྲོ་སྣང་འཕེལ་བའི་སྒོ་ནས་ལྕགས་ཁྲབ་འཁོར་ལོ་99Aནང་ཞུགས། དེ་ནི་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་རབས་གསར་པའི་འཐབ་ནུས་གཙོ་བོ་འདོན་མཁན་ལྕགས་ཁྲབ་འཁོར་ལོ་ཡིན་པ་དང་དེར“སྐམ་འཐབ་ཀྱི་གོ་མཚོན་མཆོག་གྱུར”ཞེས་བརྗོད་ཀྱི་ཡོད། མེ་ཤུགས་ཀྱིས་རྒོལ་བའི་མ་ལག་གི་སྒྲིག་ཆས་མདུན་དུ་ཞི་ཅིན་ཕིང་གིས་མདའ་དམར་རྟགས་ཅན་བཅུ་པའི་འཕུར་མདའ་འཕེན་པའི་རླངས་འཁོར་ནང་ཞུགས་ཏེ་སྒྲིག་ཆས་ཀྱི་འཐབ་རྩལ་ནུས་པ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་ཀྱི་འགག་རྩ་དེ་དམ་འཛིན་ནན་པོ་བྱས་ནས་དཔུང་སྡེའི་ཚན་རྩལ་འདུས་ཚད་གང་ལེགས་བཏོན་ཏེ་ཚན་རྩལ་གྱི་ལེགས་ཆ་དེ་ནུས་པའི་ལེགས་ཆ་དང་དམག་རྒྱག་པའི་ལེགས་ཆར་བསྒྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
       དེ་རྗེས་ཞི་ཅིན་ཕིང་མྱུལ་ཞིབ་གསང་འཕྲིན་སྒར་སའི་སྦྱོང་བརྡར་བྱ་ཡུལ་དུ་ཕེབས་ཤིང་། སྒར་ས་དེའི་མྱུལ་ཞིབ་ལེན་2པ་ནི་མྱུལ་ཞིབ་དཔའ་བོ་དབྱང་ཙི་རུང་སྐུ་འཚོ་བཞུགས་སྐབས་གནས་སའི་ལེན་ཞིག་ཡིན་པ་དང་དེར་ཀྲུང་དབྱང་དམག་ཨུད་ཀྱིས“དཔའ་བོའི་མྱུལ་ཞིབ་ལེན”ཞེས་པའི་གཟི་བརྗིད་མཚན་སྙན་གནང་ཡོད། འཇབ་རྒོལ་བྱ་ཚུལ་གྱི་རྣམ་པ་དང་རྫུན་ཆས་སྤྲས་པའི་སྦྱོང་བརྡར་ལ་ཞི་ཅིན་ཕིང་གིས་གཟིགས་ཞིབ་གང་ལེགས་གནང་ནས་གྲངས་གཞི་ཅན་གྱི་དམག་རྐྱང་དམག་འཐབ་མ་ལག་གི་གནས་ཚུལ་བཀའ་འདྲི་གནང་བ་རེད། མྱུལ་ཞིབ་དམག་མིས་འབྲུག་འཕྱོ་སྟག་མཆོང་ལྟར་བྱེད་པ་མ་ཟད། སྦྱོང་བརྡར་ཐད་བྱང་ཚད་ལྡན་པ་གཟིགས་སྐབས་ཞི་ཅིན་ཕིང་ཐུགས་དགྱེས་ཚོར་ཆེན་པོར་བྱུང་བ་རེད།
        ཞི་ཅིན་ཕིང་གིས་གསར་དུ་དམག་དཔུང་ནང་ཞུགས་པའི་འཐབ་འཛིང་པ་ཚོར་ཐུགས་ཁུར་ཆེན་པོ་གནང་གི་ཡོད། སྦྱོང་བརྡར་བྱ་ཡུལ་དུ་ལེན་2པའི་འཐབ་འཛིང་པ་གསར་པ་ཚོས་མྱུལ་ཞིབ་དམར་འཛིང་གི་རྩལ་ནུས་སྦྱོང་བརྡར་བྱེད་བཞིན་ཡོད་པས་ཞི་ཅིན་ཕིང་གིས་ཁོང་ཚོ་དང་བྱམས་རྩེའི་ངང་གླེང་མོལ་གནང་ནས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།
       ཕྱི་དྲོ་ཆུ་ཚོད་3པའི་ཐོག་ཞི་ཅིན་ཕིང་འདྲ་བཟོའི་སྦྱོང་བརྡར་ལྟེ་གནས་སུ་ཕེབས་ནས་ཧྲི་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་དང་ཁང་དེའི་ཁོངས་གཏོགས་དཔུང་སྡེའི་ཐོན་རིམ་པ་ཡན་གྱི་ལས་བྱེད་པ་དང་ཐུག་འཕྲད་གནང་སྟེ་ཚང་མ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་འབྲེལ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། དེ་རྗེས་ཞི་ཅིན་ཕིང་གིས་ཧྲི་དེའི་ལོ་རྒྱུས་ཁང་དུ་གཟིགས་སྐོར་གནང་བ་རེད། པར་རེ་རེ་བཞིན་དང་དངོས་པོ་རེ་རེ་བཞིན་ལ་ཞི་ཅིན་ཕིང་གིས་ཞིབ་ཚགས་གཟིགས་པ་རེད། ཧྲི་དེས་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་སྐབས་ཀྱི་སུང་ཀུའུ་རི་རྩེའི་དྲག་འཐབ་ཀྱི་གནས་ཚུལ་འཁོད་པའི་འགྲེམས་པང་མདུན་དུ་ཞི་ཅིན་ཕིང་གིས་དེ་དུས་དམག་འཐབ་དྲག་པོ་བརྒྱབ་ནས་དཔོན་དམག་ཚོའི་དམག་འཐབ་ཀྱི་སྤྱོད་ཚུལ་ཧ་ཅང་དཔའ་ངར་ཞུམ་པ་མེད་པ་ཞིག་ཡོད་ཅེས་མྱོང་ཚོར་ཟབ་མོའི་ངང་གསུངས། རང་རེའི་དམག་ནི་སྔར་ནས་བཟུང་དམག་ཡག་པོ་རྒྱག་ཐུབ་མཁན་ཞིག་ཡིན། སྔོན་མ་གོ་མཚོན་ཉུང་ཡང་སྙིང་སྟོབས་ཆེན་པོ་ཡོད། ད་ཆ་གོ་མཚོན་མང་བས་སྙིང་སྟོབས་དེ་བས་ཆེ་བ་དགོས་ལ་བློ་རྩ་སྔར་བས་བརྟན་པོ་དགོས་ཞེས་གསུངས་པ་རེད།
        དེ་རྗེས་ཞི་ཅིན་ཕིང་གིས་ཧྲི་དེའི་ལས་ཀའི་གནས་ཚུལ་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་རྒྱག་པ་དང་། སེམས་ནུས་ཡོད་ཚད་དམག་རྒྱག་རྒྱུར་འཇོག་པ། ལས་ཀའི་ཤུགས་ཚང་མ་དམག་རྒྱག་རྒྱུའི་ཐོག་འདོན་པ། གྲངས་གཞི་ཅན་གྱི་དཔུང་སྡེའི་དམག་རྒྱག་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། དམག་རྒྱག་གི་གོ་དོན་དང་དམག་རྒྱག་སྟངས་གསར་གཏོད་བྱེད་པ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་བྱེད་པ། སྦྱོང་བརྡར་གྱི་ཆུ་ཚད་དང་རྒྱལ་ཁ་ལེན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས། མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྟོབས་ཤུགས་ཁག་དང་། མ་ལག་ཁག རྒྱུ་རྐྱེན་ཁག་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་གཅིག་གྱུར་འཆར་འགོད་བྱས་ཏེ་ཆ་འཕྲིན་མ་ལག་དང་དམག་རྒྱག་གྲངས་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མ་ལག་གྲུབ་པ་དང་དམག་རྒྱག་པའི་ནུས་པ་ཞིག་ཆགས་རྒྱུ་འགན་ལེན་བྱས་ནས་དམག་ཡོངས་མཉམ་འབྲེལ་ངང་དམག་རྒྱག་པའི་མ་ལག་ནང་འདྲེས་ཐུབ་པ་བྱེད་དགོས། སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། གྲུབ་ཆ་ལེགས་སྒྲིག་བྱེད་པ། ཚན་རྩལ་སྤྱོད་ཤུགས་ཆེ་རུ་གཏོང་བ། དཔོན་དམག་གི་ཚན་རྩལ་བྱང་ཚད་ལེགས་སུ་གཏོང་བ། གསར་གཏོད་རྣམ་པའི་མི་དམངས་དམག་དཔུང་གི་ལག་ལེན་འཚོལ་ཞིབ་ལ་སྐུལ་མ་ཧུར་ཐག་གཏོང་བ་བཅས་བྱེད་དགོས། ཆབ་སྲིད་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་། ཀུའུ་ཐེན་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་གཞིར་བཟུང་རིམ་ཁག་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། “གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། དམག་དཔུང་སྟོབས་ཆེར་གཏོང་བའི་ལས་འགན་ལྕི་པོ་འཁུར་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་བཅས་ཀྱི་སྒོ་ནས་དཔུང་སྡེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་རྒྱུའི་འགན་ལེན་བྱེད་དགོས། རིམ་པ་ཁག་གིས་གྲངས་གཞི་ཅན་གྱི་དཔུང་སྡེའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ནས་བྱང་ཚད་མཐོ་བའི་དམག་དོན་གྱི་ཤེས་ལྡན་པ་གསར་པ་ཁག་གཅིག་གསོ་སྐྱོང་བྱེད་དགོས། སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་དཔོན་དམག་ཚོའི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་ནས་གཞི་རིམ་དཔོན་དམག་གི་འགྲམ་དུ་ཐོན་པའི“རུལ་སུངས་ཙག་ཙིག”དང་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་དང་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ནས་རྒྱ་ཆེའི་དཔོན་དམག་ཚོའི་ཧུར་སེམས་དང་། རང་རྟོགས་ཀྱི་བསམ་པ། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ནས་ཐུན་མོང་ཐོག་དཔུང་སྡེ་འཛུགས་སྐྱོང་བྱ་རྒྱུ་དེ་མདུན་ཕྱོགས་སུ་སྐུལ་མ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།