མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་རུན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་ཁབ་གསོལ་མགྲོན་ཁང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧྥ་རན་སེའི་ཙུང་ཐུང་མ་ཁེ་རུན་དང་མཇལ་འཛོམས་གནང་བ་རེད།
         དགུན་དུས་ཀྱི་ཏེའོ་ཡུས་ཐའེ་ནུབ་ཁའི་ཉི་མའི་ཁྲོད་སྔར་བས་དབེན་ཞིང་ཉམས་དགའ་བ་ཞིག་ཏུ་སྣང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུགས་སྣང་གཤིན་ལ་མཛའ་གྲོགས་ཀྱི་རྣམ་པའི་ཁྲོད་གླེང་མོལ་གནང་འགོ་ཚུགས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་ཧྥ་གཉིས་པོ་ནི་བཀྲག་མདངས་རྣམ་པར་འཚེར་བའི་ལོ་རྒྱུས་ཀྱི་རིག་གནས་ལྡན་པའི་རྒྱལ་ཁབ་ཅིག་ཡིན། ལོ་གསར་པ་འཆར་མ་ཐག་ཙུང་ཐུང་མ་ཁེ་རུན་གྱིས་ཨེ་ཤེ་ཡར་འཚམས་འདྲི་གནང་ཐེངས་དང་པོར་ཀྲུང་གོར་ཕེབས་པ་དེ་ལས་ཀྲུང་ཧྥ་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་གྱི་ཡོད། ཧྥ་རན་སེ་ནི་ཀྲུང་གོ་གསར་པ་དང་དངོས་སུ་ཕྱི་འབྲེལ་འཛུགས་མཁན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཆེ་མོ་དང་པོ་དེ་ཡིན།
         1964ལོར་ཀྲུའུ་ཞི་མའོ་ཙེ་ཏུང་དང་དམག་དཔོན་ཆེ་མོ་ཏའེ་ཀའོ་ལེ་གཉིས་ཀྱིས་ཁྱད་འཕགས་ཀྱི་ཆབ་སྲིད་གཟིགས་རྒྱང་ཐོག་ནས་རྒྱལ་ཁབ་གཉིས་པོའི་དབར་ལོ་རྒྱུས་རང་བཞིན་གྱི་ཕྱི་འབྲེལ་བཙུགས་པས། སྐབས་དེ་དུས་ཀྱི་འཛམ་གླིང་གི་གནས་བབ་ལ་ཤུགས་རྐྱེན་བཟང་པོ་ཐེབས་པ་མ་ཟད། དེང་སྐབས་ཀྱི་འཛམ་གླིང་འཕེལ་རྒྱས་ལའང་དོན་སྙིང་གལ་ཆེན་ལྡན་ཡོད། དུས་རབས་གསར་པར། ང་ཚོས་ལོ་རྒྱུས་ལ་འགན་འཁུར་བའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ཡང་དག་པའི་འགྲོ་ལམ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྥའི་འབྲེལ་བ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་ལ་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དག་ཅིག་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ལ། ཧྥ་རན་སེ་ཕྱོགས་ཀྱིས་ཀྱང་དེ་དང་འདྲ་བའི་འདུ་ཤེས་འཛིན་གྱི་ཡོད། རྒྱལ་ཁབ་གཉིས་པོས་སྤྱི་ཚོགས་ཀྱི་ལམ་ལུགས་དང་། འཕེལ་རྒྱས་ཀྱི་དུས་མཚམས། རིག་གནས་སྲོལ་རྒྱུན་གྱི་ཧེ་བག་བཅས་ལས་ཚད་བརྒལ་བྱས་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཆེ་རུ་བཏང་སྟེ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་ཆོག ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་མཉམ་ལས་གཉིས་ཁེའི་རྩ་དོན་གཞིར་བཟུང་ཧྥ་རན་སེ་ཕྱོགས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་མོ་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ཀྱི་སྦྲེལ་མཐུད་མཉམ་ལས་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས་འཛམ་གླིང་བརྟན་ལྷིང་དང་དར་རྒྱས་ཡོང་རྒྱུར་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུ་དང་སྐུལ་འདེད་གཏོང་རྒྱུ་ཡིན། དུས་རབས་གསར་པར་ཀྲུང་ཧྥའི་འབྲེལ་བས་བྱས་རྗེས་རླབས་པོ་ཆེ་འཇོག་རྒྱུ་རེད་ཅེས་ནན་བཤད་གནང་བ་རེད།
         མ་ཁེ་རུན་གྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཧྥ་ཀྲུང་གི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ངས་ད་རེས་ཀྱི་འཚམས་འདྲི་བརྒྱུད་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཧྥ་ཀྲུང་འབྲེལ་བ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ཀྱི་མཉམ་ལས་ལ་བསམ་འཆར་བརྗེ་རེས་བྱས་ཏེ། རྒྱལ་ཁབ་གཉིས་དབར་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཧྥ་ཀྲུང་འབྲེལ་བ་དང་ཡོ་ཀྲུང་འབྲེལ་བ་ཟབ་ཏུ་གཏོང་འདོད་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དོན་སྙིང་གལ་ཆེན་ལྡན་པས་ཧྥ་རན་སེ་དེའི་ནང་ཞུགས་འདོད་ཆེན་པོ་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྱང་ཀྲུང་གོ་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག་ད་རེས་ཀྱི་འཚམས་འདྲི་དེ་ཧྥ་ཀྲུང་འབྲེལ་བའི་ལམ་ཚད་རྡོ་རིང་གསར་པ་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།