མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་
སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་
སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་8ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དུ་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཀའོ་ལི། ཝང་ཧུའུ་ཉིང་བཅས་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་བྱ་དགའ་ཐོབ་མཁན་འཐུས་མིར་བྱ་དགའ་གནང་བ་དང་། ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་གསུང་བཤད་གནང་བ། ཀྲང་ཀའོ་ལིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
         སྔ་དྲོའི་ཆུ་ཚོད་བཅུ་པར་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་འགོ་ཚུགས་པ་རེད། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་གྲགས་པ་དང་སྦྲགས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དང་ཐོག་2017ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཆེ་ཤོས་ཐོབ་པའི་ནན་ཅིང་རང་བྱུང་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་ཡོན་ཧྲི་ཝང་ཙེ་ཧྲན་དང་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནད་དུག་སྔོན་འགོག་ཚོད་འཛིན་ཁང་གི་ཡོན་ཧྲི་ཧོའུ་ཡུན་ཏེ་ལ་བྱ་དགའི་ལག་ཁྱེར་གནང་བ་དང་འབྲེལ་ཁོང་གཉིས་ལ་བྱམས་བརྩེའི་ངང་ཕྱག་བཏང་གནང་སྟེ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། དེ་རྗེས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་དང་། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་གྱི་མཉམ་ལས་བྱ་དགའ་བཅས་ཐོབ་མཁན་གྱི་འཐུས་མིར་བྱ་དགའ་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་བྱ་དགའ་ཐོབ་མཁན་ཡོངས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི། ཀྲུང་གོའི་ཚན་རྩལ་བྱ་གཞག་ནང་ཞུགས་པ་དང་རྒྱབ་སྐྱོར་བྱེད་མཁན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་བཅས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ལི་ཁེ་ཆང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་གསར་བསྒྱུར་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དེང་སྐབས་རང་རྒྱལ་གྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད་པས། དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བར་ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་ལ་གཞིགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ་དེ་བས་ཆེ་བ་དང་དེ་བས་ཡུན་རིང་གི་ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་ཤིག་གཅིག་སྒྲིལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུར་ཕྱོགས་ནས་རྨང་གཞིའི་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། སྣེ་མང་ཅན་གྱི་མ་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྨང་གཞིའི་ཚན་རིག་དང་རྒྱུན་མཁོའི་ཚན་རིག་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཕྱོགས་ནས་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་གྱི་འགག་སྒྲོལ་མགྱོགས་མྱུར་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་འགག་གནད་ཐག་གཅོད་ཡག་པོ་བྱེད་དགོས། དམངས་འཚོའི་བདེ་རྩ་ལེགས་སུ་གཏོང་རྒྱུར་ཕྱོགས་ནས་ནད་ཡམས་ཚབས་ཆེན་སྔོན་འགོག་དང་། བཟའ་བཅའི་བདེ་འཇགས། སྦགས་བཙོག་འགོག་བཅོས་སོགས་ཁྱབ་ཁོངས་ཀྱི་འགག་སྒོ་ལས་བསྒྲལ་ནས་མི་དམངས་ཀྱི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས། ཚན་རྩལ་གསར་གཏོད་དང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་ལག་རྩལ་གསར་པ་དང་། ཐོན་ལས་གསར་པ། ལས་རྣམ་གསར་པ་བཅས་གང་མགྱོགས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་ཁེ་ལས་ལག་རྩལ་གསར་གཏོད་ཀྱི་བྱེད་པོར་འགྱུར་བ་བྱས་ནས་ཁེ་ལས་གསར་གཏོད་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་བཏང་ནས་ལག་རྩལ་གསར་གཏོད་ཀྱི་གཞི་རྒྱུ་སྣ་ཚོགས་ཁེ་ལས་ལ་གཅིག་སྒྲིལ་ཐུབ་རྒྱུར་ཁྲིད་སྟོན་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་མིར་ཐུག་པས་ངེས་པར་དུ་ཚན་རྩལ་སྒྲིག་སྲོལ་གྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་དང་གསར་གཏོད་བྱེད་པ་དང་། གསར་གཏོད་ཚོགས་པ་དང་སྣེ་འདྲེན་ཤེས་ལྡན་མི་སྣར་སྔར་བས་ཆེ་བའི་མི་རྒྱུ་དངུལ་གསུམ་གྱི་བཀོལ་སྤྱོད་དབང་ཆ་དང་ལག་རྩལ་ལམ་ཕྱོགས་ཀྱི་ཐབས་ཇུས་དབང་ཆ་སྤྲོད་པ། ལེགས་སྐྱེས་འབུལ་མཁན་ཚན་རྩལ་མི་སྣར་སྙན་གྲགས་དང་ཐོབ་ཐང་གཉིས་ཀ་དངོས་འབྲེལ་ཐོབ་ཐུབ་པ་བཅས་བྱས་ནས་རྒྱལ་སྤྱིའི་སྔོན་ཐོན་གྱི་གསར་གཏོད་གྲུབ་འབྲས་དེ་བས་མང་བ་ཐོན་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་གསར་གཏོད་ཀྱི་མཁོ་སྤྲོད་ནུས་པ་དང་ཕན་འབྲས་ཆེ་རུ་བཏང་སྟེ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཆུ་ཚད་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་གལ་ཆེའི་ཚན་ཞིབ་རྨང་གཞིའི་སྒྲིག་ཆས་དང་། ཚན་རིག་གྲངས་གཞི། དཔྱད་ཆས་སྒྲིག་ཆས་བཅས་སྤྱི་ཚོགས་སུ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་དགོས། ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་སྤྱིའི་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོའི་གསར་གཏོད་དྲ་རྒྱའི་ནང་རང་འགུལ་ངང་མཉམ་འདྲེས་ཐུབ་པ་བྱས་ཏེ་འཛམ་གླིང་གསར་གཏོད་ཀྱི་མཐོ་ས་གཏོད་དགོས་ཞེས་གསུངས་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། རྒྱ་ཆེའི་ཚན་རྩལ་ལས་དོན་པས་བྱ་དགའ་ཐོབ་མཁན་མིག་དཔེར་འཛིན་ནས་མེས་རྒྱལ་སེམས་ལ་འཆང་བ་དང་། མི་དམངས་སེམས་ལ་འཆང་བ། འགན་འཁུར་ཕོད་པ། ཚད་བརྒལ་བྱེད་ཕོད་པ་བཅས་བྱས་ནས་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་བསྐྲུན་པའི་དུས་རབས་ཀྱི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཕོད་པ་བྱེད་དགོས་པའི་ཐུགས་རེ་གནང་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་རང་བརྟེན་གསར་གཏོད་ཀྱི་ལམ་བུ་གསར་པར་སྐྱོད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་སྔར་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་ཚོགས་འདུའི་ཐོག《2017ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད།
         ཝང་ཙེ་ཧྲན་གྱིས་བྱ་དགའ་ཐོབ་མཁན་ཡོངས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད།
         2017ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགར་རྣམ་གྲངས་ཁྱོན་271དང་ཚན་རྩལ་རིགས་གཅིག་མཁས་ཅན་9དཔྱད་འདེམས་བྱས་ཡོད་པ་རེད། དེའི་ནང་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཆེ་ཤོས་ཐོབ་མཁན་2དང་། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་ཁག་35ཐོབ་པའི་ཁྲོད་བྱ་དགའ་རིམ་པ་དང་པོ་2དང་བྱ་དགའ་རིམ་པ་གཉིས་པ་33ཡོད་པ་དང་། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱ་དགའ་ཁག་66ཐོབ་པའི་ཁྲོད་བྱ་དགའ་རིམ་པ་དང་པོ་4དང་རིམ་པ་གཉིས་པ་62ཡོད་པ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཁག་170ཐོབ་པའི་ཁྲོད་དམིགས་བསལ་བྱ་དགའ་3དང་། བྱ་དགའ་རིམ་པ་དང་པོ་21(གསར་གཏོད་ཚོགས་པའི་རྣམ་གྲངས་3ཚུད་པ) བྱ་དགའ་རིམ་པ་གཉིས་པ་146བཅས་ཡོད་པ། ཕྱི་རྒྱལ་གྱི་ཚན་རྩལ་རིགས་གཅིག་མཁས་ཅན་7ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་གྱི་མཉམ་ལས་བྱ་དགའ་ཐོབ་པ་བཅས་རེད།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་
སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་འཚོགས་པ།