མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་དྲག་ཆས་ཉེན་རྟོག་དཔུང་སྡེར་དར་ཆ་སྤྲོད་པའི་མཛད་
སྒོ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་12ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་དྲག་ཆས་ཉེན་རྟོག་དཔུང་སྡེར་དར་ཆ་སྤྲོད་པའི་མཛད་
སྒོ་འཚོགས་པ།

          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་10ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་དྲག་ཆས་ཉེན་རྟོག་དཔུང་སྡེར་དར་ཆ་སྤྲོད་པའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དཔུང་སྡེར་དར་ཆ་སྤྲད་པ་དང་འབྲེལ་བསླབ་སྟོན་བཀའ་སློབ་ཀྱང་གནང་བ་རེད།
       སྔ་དྲོའི་ཆུ་ཚོད་བཅུ་པར་དར་ཆ་སྤྲོད་པའི་མཛད་སྒོ་འགོ་ཚུགས་ཤིང་། དཔོན་དམག་ཚོས་རུ་སྟར་མཚར་དུ་དངར་བ་བསྒྲིགས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བཏང་བ་རེད། གཟབ་སྦྲེང་གུས་དམག་གིས་དྲག་ཆས་ཉེན་རྟོག་དཔུང་སྡེའི་དར་ཆ་སྲུང་བཞིན་གོམ་སྟབས་འགྲིག་པོས་ཀྲུའུ་ཞི་སྡིངས་ཆའི་མདུན་དུ་བསྐྱོད། ཞི་ཅིན་ཕིང་གིས་སྒམ་ནན་ངང་དྲག་ཆས་ཉེན་རྟོག་དཔུང་སྡེའི་སི་ལིང་ཡོན་ཝང་ཉིང་དང་ཆབ་སྲིད་ཨུ་ཡོན་ཀྲུའུ་ཧྲེང་ལིན་ལ་དར་ཆ་སྤྲད་པ་རེད། ཝང་ཉིང་དང་ཀྲུའུ་ཧྲེང་ལིན་གྱིས་སྙིང་སྟོབས་རབ་འཕེལ་གྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་ཏེ་ཞི་ཅིན་ཕིང་གི་ཕྱག་ནས་དྲག་ཆས་ཉེན་རྟོག་དཔུང་སྡེའི་དར་ཆ་བླངས་རྗེས་དར་ཆ་འཁྱེར་ནས་དཀྲོང་ངེར་ལངས་པ་རེད། དཔོན་དམག་ཡོངས་ཀྱིས་དྲག་ཆས་ཉེན་རྟོག་དཔུང་སྡེའི་དར་ཆར་གུས་འདུད་ཞུས་པ་རེད།
         དར་ཆ་སྤྲོད་པའི་མཛད་སྒོ་ཚར་རྗེས། ཞི་ཅིན་ཕིང་གིས་བསླབ་སྟོན་བཀའ་སློབ་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གིས་དྲག་ཆས་ཉེན་རྟོག་དཔུང་སྡེའི་བཀོད་འདོམས་སྒྲིག་སྲོལ་ལེགས་སྒྲིག་བྱས་ཏེ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་དྲག་ཆས་ཉེན་རྟོག་དཔུང་སྡེར་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལག་བསྟར་དང་ཀྲུང་དབྱང་དམག་ཨུད་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། དཔུང་སྡེའི་འགོ་ཁྲིད་བཅས་ཀྱི་བཀོད་འདོམས་སྒྲིག་སྲོལ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ཡོད། དེ་ནི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་གིས་རྒྱལ་ཡོངས་ཀྱི་དྲག་ཆས་སྟོབས་ཤུགས་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་དོན་འཁྱོལ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་ལམ་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་བཏོན་པའི་ཆབ་སྲིད་ཀྱི་གཏན་འབེབས་གལ་ཆེན་ཞིག་ཡིན་པ་མ་ཟད། ཏང་གིས་དུས་རབས་གསར་པར་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ། ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་མངོན་འགྱུར་བྱ་རྒྱུ་བཅས་ལ་གལ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དཔུང་སྡེ་ནི་ཏང་གིས་འགོ་ཁྲིད་གནང་བའི་མི་དམངས་ཀྱི་དྲག་ཆས་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་སྲུང་སྐྱོང་བཅས་ཀྱི་ནང་འགན་འཁྲི་གལ་ཆེན་འཁུར་ཡོད་ལ། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་དང་ལྷག་པར་དུ་སྲིད་དབང་གི་བདེ་འཇགས་དང་ལམ་ལུགས་ཀྱི་བདེ་འཇགས་སྲུང་སྐྱོང་ནང་ནུས་པ་གལ་ཆེན་ལྡན་ཡོད། ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་ཏེ་ཕྱོགས་ཡོངས་ནས་དུས་རབས་གསར་པར་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དང་། ཏང་གིས་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས། ཏང་གི་བཀའ་ལ་མཐའ་གཅིག་ཏུ་ཉན་པ། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ནམ་ཡང་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་མཁན་གྱི་སྲུང་དམག་ཅིག་བྱེད་དགོས། འཛུགས་སྐྱོང་དང་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ཕྱོགས་ཡོངས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་ནུས་མང་གཞི་གཅིག་དང་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་གྱི་འཐབ་ཇུས་བླང་བྱར་གཞིགས་ནས་དམག་ཡོངས་ཀྱི་མཉམ་འབྲེལ་དམག་འཐབ་ཀྱི་མ་ལག་ནང་ཞུགས་མགྱོགས་སུ་གཏོང་བ་དང་དམག་དཔུང་དང་ས་གནས་དབར་གྱི་མཐུན་སྦྱོར་མཉམ་འགུལ་གྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྟོབས་དང་ལྡན་པའི་དེང་རབས་ཅན་གྱི་དྲག་ཆས་ཉེན་རྟོག་དཔུང་སྡེ་གཅིག་འཛུགས་སྐྱོང་ཧུར་ཐག་བསྐྲུན་དགོས། ནང་སྦྱོང་དང་དམག་རྒྱག་གྲ་སྒྲིག་བྱེད་པར་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་ཕྱོགས་ཡོངས་ནས་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་བྱ་རྒྱུ་རྒྱུན་འཁྱོངས། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན། ལས་སྒྲུབ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་འཇིགས་རྒོལ་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཏང་དང་མི་དམངས་ཀྱིས་སྤྲད་པའི་དུས་རབས་གསར་པའི་ལས་འགན་མཐའ་གཅིག་ཏུ་སྒྲུབ་དགོས། ཁྲིམས་ལྟར་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་དམག་དཔུང་སྐྱོང་རྒྱུ་དང་དམག་དཔུང་ནན་པོས་སྐྱོང་རྒྱུའི་བླང་བྱ་ལག་བསྟར་དང་། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་དང་ངན་པར་ཆད་པ་གཅོད་རྒྱུར་དམ་འཛིན་ནན་པོ་བྱས་ཏེ། ཆབ་སྲིད་ཁོར་ཡུག་དྭངས་གཙང་ཡོང་བ་དང་། དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་ནས་དྲག་ཆས་ཉེན་རྟོག་དཔུང་སྡེའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཐོག་དུས་རབས་གསར་པའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
        ཀྲུའུ་ཧྲེང་ལིན་གྱིས་དྲག་ཆས་དཔུང་སྡེའི་ཚབ་ཞུས་ནས་གཏམ་བཤད་གནང་སྟེ་ཞི་ཀྲུའུ་ཞིའི་བསླབ་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཞི་ཀྲུའུ་ཞི་བཅས་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་ནང་སྦྱོང་དམག་རྒྱག་གྲ་སྒྲིག་ཐད་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་གི་མིན་ཞེས་གསུངས་པ་རེད།
         དེ་རྗེས་ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཧྲེ་རིམ་པ་རྒན་པ་ཡན་གྱི་ཚན་པའི་འགོ་ཁྲིད་གཙོ་བོར་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་གནང་བ་རེད།
         དར་ཆ་སྤྲོད་པའི་མཛད་སྒོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གིས་ཀྲུང་དབྱང་དམག་ཨུད་ཀྱིས་དྲག་ཆས་ཉེན་རྟོག་དཔུང་སྡེར་དར་ཆ་སྤྲོད་པའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་དར་ཆ་སྤྲོད་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།