མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་སྐབས་བཅུ་དགུ་པའི་ཀྲུང་ཨུ་
ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྩིས་
ཡོད་པའི་ཡིག་ཆར་གྲོས་བསྡུར་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 08:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུའི་གྲོས་འགོར་ཞིབ་འཇུག་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟླ་1ཚེས་18དང་19ཉིན་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་《རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི་》མ་ཟིན་ལ་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱེད་པའི་གནས་ཚུལ་སྙན་ཞུ་གསན་ནས་ད་ཐེངས་ཀྱི་ཚོགས་འདུའི་གྲོས་བསྡུར་གྱི་བསམ་འཆར་གཞིར་བཟུང་བཟོ་བཅོས་བརྒྱབ་རྗེས་ཡིག་ཆའི་མ་ཟིན་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།
        ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་དང་། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག ཏང་དང་མི་དམངས་ཀྱི་འདོད་བློ་གཅིག་སྡུད་ཐོག་མཚོན་པ་ཞིག་བཅས་རེད། ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ཁྱབ་བསྒྲགས་བྱས་ཚུན། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དང་རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་བའི་ལག་ལེན་ཁྲོད་ནུས་པ་ཧ་ཅང་གལ་ཆེན་འདོན་སྤེལ་བྱས་ཡོད། རང་རྒྱལ་གྱི་ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམས་པ་དང་། དོན་དངོས་དང་འཚམས་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམས་པ་བཅས་ཀྱི་རྩ་ཁྲིམས་ཡག་པོ་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་ཐུབ་ཡོད།
        ཚོགས་འདུའི་ཐོག་མཛུབ་སྟོན་བྱས་དོན། རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བའི་བརྒྱུད་རིམ་ནང་གི་རྩ་ཁྲིམས་ཀྱི་གནས་བབ་དང་ནུས་པ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་བཞིན་སྲིད་འཛིན་རྒྱུ་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་བཞིན་སྲིད་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རྩ་ཁྲིམས་འདི་ཉིད་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་གནས་བབ་མངོན་གསལ་དོད་པོར་བཞག་ནས་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱོད་པ་དང་། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ཐོག་རྩ་ཁྲིམས་ལག་བསྟར་འགན་ལེན་བྱེད་ཕྱིར་ཆབ་སྲིད་དང་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད།
       ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། རང་རྒྱལ་རྩ་ཁྲིམས་ཀྱིས་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་འགོ་ཁྲིད་བྱས་ནས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་རླབས་ཆེན་གྱི་འཐབ་རྩོད་སྤེལ་བ་དང་རྩ་བའི་གྲུབ་འབྲས་ཐོབ་པར་ཁས་ལེན་དང་། བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་བཟོ་ཞིང་མནའ་འབྲེལ་རྨང་གཞིར་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྒྲིག་གཞི་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་དབང་གི་སྒྲིག་སྲོལ་གཏན་འཁེལ། རྒྱལ་ཁབ་ཀྱི་རྩ་བའི་ལས་འགན་དང་། འགོ་ཁྲིད་ཀྱི་སྲོག་ཤིང་། མཛུབ་ཁྲིད་ཀྱི་དགོངས་པ། འཕེལ་རྒྱས་ཀྱི་འགྲོ་ལམ། འབད་འཐབ་ཀྱི་དམིགས་ཚད་བཅས་གཏན་འཁེལ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས་གཏན་འབེབས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྩ་དོན་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་གྱི་རྩ་དོན་གཏན་འབེབས་སོགས་བྱས་ཡོད་པས་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདོད་འདུན་དང་རྩ་བའི་ཁེ་ཕན་མཚོན་གྱི་ཡོད། རང་རྒྱལ་གྱི་རྩ་ཁྲིམས་ནང་ལམ་ལུགས་དང་། རྩ་དོན། གཏན་འབེབས་བཅས་རབ་དང་རིམ་པ་གཏན་འཁེལ་བྱས་ཡོད་པ་དང་། གཏན་འཁེལ་བྱས་པའི་སྲིད་དོན་གལ་ཆེན་པོའི་མཛད་ཕྱོགས་ལ་ལེགས་ཆ་མངོན་གསལ་དོད་པོ་དང་། རྨང་གཞི་བརྟན་པོ། གསོན་ཤུགས་ཧ་ཅང་ཆེན་པོ་བཅས་ལྡན་ཡོད་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་ལག་ལེན་བསྟར་དགོས།
        ཚོགས་འདུའི་ཐོག་མཛུབ་སྟོན་བྱས་དོན། རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་དང་། ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བཀོད་སྒྲིག་བྱས་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་བརྒྱུད་རིམ་ནང་གི་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་དེ་བས་ལེགས་པ་བྱེད་ཆེད། རྩ་ཁྲིམས་ལ་བཟོ་བཅོས་འོས་འཚམ་བརྒྱབ་སྟེ་ལག་ལེན་ནང་ཏང་དང་མི་དམངས་ལ་ཐོབ་པའི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་གལ་ཆེན་རྩ་ཁྲིམས་ཀྱི་གཏན་འབེབས་ནང་འཇུག་དགོས། ཏང་ཀྲུང་དབྱང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཅིག་ལ་བརྟེན་ནས་རྩ་ཁྲིམས་བཟོ་བཅོས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཡོད། དེ་ཐོག་ནས་ཏང་ཀྲུང་དབྱང་གིས་རྩ་ཁྲིམས་བཟོ་བཅོས་ལ་ཚད་མཐོའི་མཐོང་ཆེན་བྱེད་ལུགས་གང་ལེགས་མངོན་ཡོད།
       ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ད་ཐེངས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་ཐད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ ཏེ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་། ཉམས་མྱོང་གསར་པ། བླང་བྱ་གསར་པ་བཅས་མངོན་པར་བྱེད་པ་དང་། རྩ་ཁྲིམས་དུས་བསྟུན་མདུན་སྐྱོད་དང་འཐུས་ཚང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་རྩ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད།
       ཚོགས་འདུའི་ཐོག་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པར་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་ལག་ལེན་བསྟར་དགོས་པ་སྟེ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་མཐའ་འཁྱོངས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱེད་པ་དང་། ཁྲིམས་བཞིན་གོ་རིམ་ལ་ནན་པོར་གཞིགས་ནས་བཟོ་བཅོས་རྒྱག་པ། དམངས་གཙོ་དར་སྤེལ་གང་ལེགས་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་བྱས་ནས་མི་དམངས་ཀྱི་འདོད་འདུན་མངོན་པ་དང་མི་དམངས་ཀྱི་བརྩི་བཀུར་ཐོབ་པའི་འགན་ལེན་བྱེད་པ། རྩ་ཁྲིམས་ལ་བཟོ་བཅོས་ཁག་གཅིག་རྒྱག་པ་ལས་བཟོ་བཅོས་ཆེན་པོ་མི་རྒྱག་པའི་རྩ་དོན་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་བྱེད་དགོས་ལ། རྩ་ཁྲིམས་དང་བཅའ་ཁྲིམས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་པོའི་རང་བཞིན། དབང་གྲགས་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་ཡོད་པ་རེད།
       ད་དུང་ཚོགས་འདུའི་ཐོག་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།