མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་
གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         (2018ལོའི་ཟླ་1ཚེས་13ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བ།)
        མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་2018ལོའི་ཟླ་1ཚེས་11ནས་13ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་133ཕེབས་ཡོད་པ་དང་། ཟུར་ཞུགས་མི་གྲངས་177ཡོད་པ་རེད།
        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ལི་ཀྲན་ཧྲུའུ་དང་། དབང་དབྱང། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཚོགས་འདུར་ཕེབས་ཡོད་པ་རེད།
        ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་བྱས་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་2018ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་། བློ་མཐུན་ཀྲོའུ་ལེ་ཅེས་ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི་《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས་》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཤིང་། གསུང་བཤད་ནང་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་རྒྱས་བཤད་གཏིང་ཟབ་བྱས་ནས་ལོ་ལྔའི་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་པའི་ཉམས་མྱོང་གལ་ཆེན་ལ་སྔར་བས་ཕྱོགས་སྡོམ་དང་། ཏང་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་རླབས་ཆེན་གྱི་བྱ་གཞག་ལེགས་སྒྲུབ་བྱེད་པར་ངེས་པར་དུ་ཏང་ལ་བརྟེན་དགོས་པ་དང་། ཏང་ལ་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་ཡོད་དགོས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ཀྱི་ཐོག་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་ཡོད་པར་མགྲིན་གཅིག་ཏུ་ངོས་འཛིན་བྱས་པ་རེད། གསུང་བཤད་དེ་མཐོ་འཛེགས་རྒྱང་ལྟ་དང་བདེ་སྡོད་ཉེན་བསམ་དང་། ནང་དོན་ཕུན་སུམ་ཚོགས་ལ་གནད་ལ་འཁེལ་བ་དང་། འགྱུར་མེད་ཀྱི་དད་སེམས་དད་མོས་དང་། མངོན་གསལ་དོད་པའི་མི་དམངས་ཀྱི་ལངས་ཕྱོགས། སྲ་ཞིང་བརྟན་པའི་བློ་སྟོབས་ཀྱི་ཀུན་སྤྱོད། ཤུགས་ཆེའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་མངོན་པ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་ལ་འགྱུར་བ་མེད་པ་དང་། འགྱུར་མེད་དམ་བཅའ། རང་ངོས་གསར་བརྗེ། ཞུམ་མེད་མདུན་སྐྱོད་བཅས་ཀྱི་ཆབ་སྲིད་ཀྱི་ཀུན་སྤྱོད་དང་གསར་བརྗེའི་སྙིང་སྟོབས་གསལ་འགྲེལ་གང་ལེགས་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་བཤེར་ལྟ་བཤེར་ལས་ཁུངས་དང་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་རེ་བ་ནན་པོ་བཅོལ་གནང་ནས་བླང་བྱ་གསར་པ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱེད་པ་དང་། དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ། བསམ་བློའི་ངོས་འཛིན་གཅིག་མཐུན་གཅིག་གྱུར་ཡོང་བ། འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལ་དམ་འཛིན་ཏན་ཏིག་དང་ཡག་པོ་བྱེད་དགོས་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པར་འགག་རྩ་དེ་ཏང་ཀྲུང་དབྱང་དང་ཏང་ཡོངས་ཁྲོད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུར་ཐུག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ལ་ཐུག་པ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུར་ཐུག་ཡོད། དེས་ན་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མིག་སྔར་རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བར་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཚམས་འཇོག་གཏན་ནས་མི་བྱེད་པར་ངེས་པར་དུ་ནམ་ཡང་ཚར་དུས་མེད་པའི་སེམས་ཤུགས་བརྟན་པོ་དང་སྙིང་རུས་ཀྱི་ཐོག་ནས“ནན་པོ”ཡོང་རྒྱུ་ཡུན་རིང་མཐའ་འཁྱོངས་བྱས་ཏེ་མགོ་ནས་མཇུག་བར་མཐའ་འཁྱོངས་བྱེད་པ་དང་བློ་བརྟན་འགྱུར་མེད་ཡོང་བ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། ནོར་འཁྲུལ་གྱི་བསམ་བློའི་འགལ་རྐྱེན་སེལ་བ། ལྷོད་གཡེང་མི་གཏོང་བ་དང་ལས་དོན་སྤེལ་མཚམས་མི་འཇོག་པ། ཡང་བསྐྱར་རྡོག་ཐོན། མཐའ་འཁྱོངས་ཁྲོད་གཏིང་ཟབ་ཏུ་གཏོང་བ་དང་གཏིང་ཟབ་ཁྲོད་གོང་འཕེལ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་དེ་བས་ཆེ་བ་ཧུར་ཐག་ཐོབ་པ་བྱེད་དགོས།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་བསྟར་བའི་འགོ་ཚུགས་ལོ་ཞིག་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་བཅས་ཡིན་པས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལེགས་པར་སྒྲུབ་པའི་འགན་འཁྲི་ཧ་ཅང་ལྕི་པོ་ཡོད། དེས་ན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུར་དམ་པོར་དམིགས་པ། ཏང་ཀྲུང་དབྱང་དང་ཏང་ཡོངས་ཁྲོད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་དམ་པོར་དམིགས་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱ་རྒྱུར་དམ་པོར་དམིགས་པ། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། ཏང་གི་སྒྲིག་ཡིག་ལག་བསྟར་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ། ཏང་གི་འཛུགས་སྐྱོང་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་ལེགས་སུ་དང་སྒྲིག་ཁྲིམས་ནན་དུ་གཏོང་བ། རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་གཏོད་པ། རང་ངོས་ལྟ་སྐུལ་ལ་ཤུགས་སྣོན་དང་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཕྱིར་འགན་ལེན་བརྟན་པོ་བྱེད་དགོས།
       གཅིག་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་ཨང་དང་པོར་འཇོག་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་གནས་ཚུལ་དང་། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་སོགས་ཀྱི་ལམ་ལུགས་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། “ཡོད་པ་རེད་བདུན”གྱི་གནད་དོན་ལ་ཚད་མཐོའི་དོགས་ཟོན་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་མི་བྱེད་པ་དང་། མངོན་བརྩི་ལྐོག་འགལ་བྱེད་མཁན་གྱི་མགོ་གཉིས་མ་དང་མགོ་གཉིས་ཤོག་ཁག་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགན་འཁྲི། ཆབ་སྲིད་ཀྱི་སྒྲིག་ལམ་བཅས་ལ་དམིགས་ནས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱ་ཤུགས་ཆེ་རུ་བཏང་སྟེ་མི་འདེམས་སྤྱོད་ཀྱི་ཆབ་སྲིད་ཀྱི་འགག་སྒོ་དང་། སྤྱོད་གཙང་གི་འགག་སྒོ གཟུགས་བརྙན་གྱི་འགག་སྒོ་བཅས་ནན་པོ་བསྲུངས་ཐོག་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་ཕྱོགས་ཡོངས་ནས་དྭངས་གཙང་ཡོང་བ་བྱེད་དགོས་པ་དང་།
       གཉིས་ནས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཏང་གིས་རུལ་རྒོལ་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་གིས་གཅིག་གྱུར་བཀོད་སྒྲིག་བྱེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། དབང་གྲགས་ཆེ་ལ་ཕན་འབྲས་ལྡན་པ་བཅས་ཀྱི་ལྟ་སྐུལ་མ་ལག་བསྐྲུན་ནས་སྤྱི་པའི་དབང་ཆ་སྤྱོད་མཁན་གྱི་གཞུང་དོན་སྒྲུབ་མཁན་ཡོངས་ལ་ལྟ་སྐུལ་བྱ་རྒྱུ་ཁྱབ་པ་བྱེད་དགོས། ལྟ་སྐུལ་དང་། བརྟག་དཔྱད། ཐག་གཅོད་བཅས་ཀྱི་འགན་འཁྲི་ནན་ཏན་ཁུར་ནས་སྤྱོད་གོ་ཆེ་ལ་ཐོགས་ཐུག་མེད་པའི་ལྟ་ཞིབ་ལས་དོན་གྱི་འཁོར་རྒྱུག་ལམ་སྲོལ་ཆགས་པའི་འཚོལ་ཞིབ་བྱེད་པ་དང་། སྒྲིག་ཁྲིམས་ལག་བསྟར་ལ་ཞིབ་བཤེར་དང་ཁྲིམས་བཞིན་བརྟག་དཔྱད་བྱ་རྒྱུ་གཅིག་གྱུར་ནུས་ལྡན་བྱེད་པ། ལྟ་ཞིབ་སྒྲིག་གཞི་དང་འདྲི་གཅོད་ལས་ཁུངས་དང་། ཞིབ་དཔྱོད་ལས་ཁུངས། ཁྲིམས་འཛིན་སྡེ་ཚན་བཅས་ཀྱི་ལས་དོན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ནུས་པར་འགྱུར་བ་བྱེད་དགོས་པ།
       གསུམ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། རྒྱུན་དུ་མཚོན་ཚུལ་ལེགས་ཞན་སྟོན་པ་དང་ཧེ་བག་བཙལ་ཏེ་ཉམས་ལེན་འབད་སྒྲུབ་དང་གོང་གིས་འོག་གི་སྣེ་ཁྲིད་དེ“སྣེ་ཁྲིད་པའི་ནུས་པ”ཆགས་པ་བྱེད་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་མཚམས་ཚིགས་རེ་རེ་བཞིན་བརྟན་པོ་བསྲུངས་ནས“སྤྱོད་ཚུལ་བཞིའི”གནད་དོན་གྱི་བྱེད་སྟངས་གསར་པ་དང་འཕེལ་ཕྱོགས་གསར་པར་དོ་སྣང་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཐད་ཤུགས་དེ་བས་ཆེ་བ་བརྒྱབ་སྟེ་ཁས་ལེན་མང་ལ་འུད་ཤོབ་ཆེ་བ་དང་། བྱ་སྤྱོད་ཉུང་ལ་དོན་འཁྱོལ་ཞན་པའི་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་མང་ཚོགས་ལ་བརྩེ་སེམས་འཆང་ཤུགས་ཆེ་རུ་གཏོང་བ་དང་། རང་གཅུན་ནན་པོ་བྱེད་པ། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་ནན་དུ་གཏོང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ།
       བཞི་ནས་སྐོར་གཟིགས་ཀྱི་རལ་གྲི་རྣོན་པོའི་ནུས་པ་དེ་བས་མངོན་པར་བྱེད་དགོས། ཀྲུང་དབྱང་སྐོར་གཟིགས་ལས་དོན་གྱི་འཆར་འགོད་བཟོས་ནས་སྐོར་གཟིགས་ལས་དོན་གྱི་བྱེད་ཕྱོགས་ལག་ལེན་བསྟར་བ་དང་། ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་ཆབ་སྲིད་སྐོར་གཟིགས་ཟབ་ཏུ་གཏོང་བ། རྒྱུན་གཏན་གྱི་སྐོར་གཟིགས་སྤྱི་འདོམས་བཀོད་སྒྲིག་བྱེད་པ། ཆེད་དོན་སྐོར་གཟིགས་ཟབ་ཏུ་གཏོང་བ། སྟབས་བསྟུན་རྣམ་པའི་སྐོར་གཟིགས་ལ་ཤུགས་སྣོན་རྒྱག་པ། སྐོར་གཟིགས་ཀྱི་གྲུབ་འབྲས་ཕྱོགས་བསྡུས་ཀྱིས་སྤྱོད་པ། དག་ཐེར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ནས་ཁྱོན་ཡོངས་ལ་ཁྱབ་པའི་སྤུས་ཚད་མཐོ་རུ་གཏོང་དགོས། སྐོར་གཟིགས་ལས་དོན་གཏིང་ཟབ་སྤེལ་ནས་སྐོར་གཟིགས་དང་སྐོར་ཞིབ་གོང་འོག་མཉམ་འགུལ་གྱི་ལྟ་སྐུལ་དྲ་རྒྱ་འཛུགས་དགོས་པ།
       ལྔ་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། རྒྱུན་གཏན་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་སྤེལ་ནས་སྔོན་ཐོན་དཔེ་མཚོན་གྱིས་སྣེ་ཁྲིད་དཔེ་སྟོན་བྱེད་པ་དང་ལྡོག་ཕྱོགས་དཔེ་མཚོན་གྱིས་ཉེན་བརྡ་གཏོང་བའི་སློབ་གསོའི་ནུས་པ་འདོན་སྤེལ་བྱེད་དགོས། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི“རྣམ་པ་རིགས་བཞི”བེད་སྤྱོད་གཏིང་ཟབ་བྱེད་པ་དང་། རྒྱུན་གཏན་གྱི་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་བྱས་ཏེ་ལམ་ལུགས་ཀྱི་རིབ་མ་དེ་བས་བརྟན་དུ་གཏོང་དགོས་པ།
       དྲུག་ནས་རུལ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྣམ་པ་བརྟན་དུ་དང་ཟབ་ཏུ་གཏོང་དགོས། བཀག་སྡོམ་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་མི་གཏོང་བ་བཅས་མཐའ་འཁྱོངས་དང་། བཀག་འགོག་ལ་སྣང་ཆེན་དང་། དམ་བསྒྲགས་ལ་ཤུགས་སྣོན། ཡུན་རིང་རྣམ་གནོན་བཅས་མཐའ་འཁྱོངས། ལྐོག་རྔན་སྤྲོད་ལེན་ལ་མཉམ་དུ་ཞིབ་བཤེར་མཐའ་འཁྱོངས་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་དང་གནད་འཁེལ་གོ་རིམ་ལྡན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྡུག་ཚོད་མི་ཟིན་པ་དང་སྡུག་ལག་མི་སྐུམ་པའི་འགོ་ཁྲིད་ལས་བྱེད་པར་དམིགས་ནས་ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་ཕན་ཚུན་མཉམ་དུ་འདྲེས་ནས་ཐོན་པའི་ཁེ་ཕན་ཚོགས་པའི་རུལ་སུངས་ཀྱི་གྱོད་གཞི་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། མི་འདེམས་སྤྱོད་དང་། ཞིབ་མཆན་ལྟ་སྡོམ། ཐོན་ཁུངས་གསར་སྤེལ། དངུལ་རྩའི་ཡིད་རྟོན་དངུལ་བུན་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་རུལ་སུངས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། རུལ་སུངས་ལ་ངོ་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྩ་ལག་མཉམ་བཅོས་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་གཞི་དང་ལམ་སྲོལ་ཆགས་པ་བྱེད་དགོས།
        བདུན་ནས་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་དམིགས་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་དགོས། གཞི་རིམ་གྱི་རུལ་སུངས་ལ་རྩད་གཅོད་དང་ནག་ཚོགས་དང་ཡུལ་གྱི་གཤེད་མར་རྡུང་རྡེག་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ་ནག་ཚོགས་དང་འབྲེལ་བ་ཡོད་པའི“འགེབས་སྲུང་བྱེད་མཁན”ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་མངོན་གསལ་དོད་པོར་དམིགས་ནས་གཅིག་སྡུད་བཅོས་སྒྲིག་དང་ལྟ་བཤེར་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ཕྱོགས་ཡོངས་ལ་ཁྱབ་པ་བྱེད་དགོས་པ།
       བརྒྱད་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་སྐུལ་འདེད་གཏོང་དགོས། ཁོངས་གཏོགས་ཁུལ་གྱི་ས་ཁུལ་དང་སྡེ་ཚན་གྱི་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་བདའ་འདེད་ཀྱི་མཚོན་ཆ་རྣོན་པོ་གང་ལེགས་སྤྱད་ནས་འགན་འཛོལ་རིགས་ལ་ངེས་པར་འགན་འཁྲི་དཀྲི་བ་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། གོང་རིམ་སྒྲིག་ཨུད་ཀྱིས་འོག་རིམ་སྒྲིག་ཨུད་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་གནས་སྒྲིག་ཨུད་དུ་མངགས་སྡོད་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་སྐུལ་གྱི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ཕྱོགས་ཡོངས་ལ་ཁྱབ་པ་དང་རིམ་པ་བཞིན་བརྒྱུད་སྤྲོད་བྱེད་དགོས།
        ཚང་འཛོམས་གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་རྣམ་དག་འགྱུར་མེད་དང་། འགན་འཁྲི་གཙང་སྒྲུབ། སྒྲིག་བཀུར་ཁྲིམས་སྲུང་། སྤྱོད་གཙང་གཞུང་དྲང་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་དང་བླ་ན་མེད་པའི་བརྩེ་སེམས་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་དངོས་ཐོག་བདེན་འཚོལ་དང་། དམ་པ་དོན་གཉེར། འགན་འཁྲི་རྣམ་དག་འཁུར་བ། ལས་འགན་ཏན་ཏིག་སྒྲུབ་པ་བཅས་མཐའ་འཁྱོངས་བྱེད་དགོས། བདེ་སྡོད་ཉེན་བསམ་གྱི་སེམས་ཁྲལ་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཏང་དང་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བའི་འགན་འཁུར་གྱི་སྙིང་སྟོབས་བཅངས་ཏེ་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ་དང་། རང་ངོས་ལྟ་སྐུལ་དང་རང་གཅུན་རང་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་ངེས་ཤུགས་དང་། ཐེག་ཤུགས། གསོན་ཤུགས་བཅས་རྒྱུན་འཁྱོངས་ཡག་པོ་བྱེད་པ། ལས་དོན་དང་། སྲིད་ཇུས། བྱ་ཐབས་བཅས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་ལྷིང་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་པ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་གཟི་བརྗིད་ལྡན་པའི་ལས་འགན་ལག་བསྟར་ནན་ཏན་བྱེད་པ་བཅས་བྱས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དབང་ཆ་གང་བྱུང་དུ་མི་སྤྱོད་པ་དང་ངན་འདོམས་བཟང་སྤེལ་གྱི་རལ་གྲི་རྣོན་པོ་ནམ་ཡང་སྤྱོད་ཐུབ་པ་བྱེད་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པ་དང་འབད་འབུངས་ཡར་བརྩོན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ཀྱི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་བརྩོན་ལེན་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བཅས་བྱེད་ཕྱིར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།