མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཞིབ་འཇུག་དང་ཐབས་ཇུས་འདིང་བ་དང་། འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་མུ་མཐུད་དམ་འཛིན་བྱེད་པ། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་རྒྱུར་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
         དབང་དབྱང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་འཐབ་ཕྱོགས་གཅིག་གྱུར་ཐད་མཐུན་སྒྲིལ་དང་། འབད་འབུངས། གསར་འབྱེད། གསོན་ཤུགས་རྒྱས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཐོན་པ་དང་། སེམས་ནུས་གཅིག་སྒྲིལ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
         དབང་དབྱང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལས་འགན་གཙོ་བོ་དང་ལས་ཀའི་གཙོ་རྐང་ལ་བརྩིས་ནས་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ་ཤེས་སྦྱོར་ཕན་ཚུན་སྐུལ་འདེད་གཏོང་དགོས། གསལ་པོ་ཤེས་པ་དང་མཐར་ཕྱིན་པ་ཤེས་པ་བྱེད་དགོས་ན་ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལ་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དང་ཟུང་འབྲེལ་དང་། དུས་རབས་གསར་པས་འཐབ་ཕྱོགས་གཅིག་གྱུར་ལ་བཏོན་པའི་བླང་བྱ་གསར་པ་སྟངས་འཛིན་བྱ་རྒྱུ་དང་ཟུང་འབྲེལ། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་རྒྱུ་དང་ཟུང་འབྲེལ་བཅས་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་དག་ཆབ་སྲིད་ཀྱི་གོ་རྟོགས་མཐོན་པོ་དང་། ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས། ལས་ཀའི་སྒུལ་ཤུགས་ཆེན་པོ་བཅས་ལ་བསྒྱུར་དགོས། གསལ་པོ་ཤེས་པ་དང་མཐར་ཕྱིན་པ་ཤེས་པ་བྱེད་པའི་དམིགས་ཡུལ་ནི་དོན་འཁྱོལ་ཏན་ཏིག་བྱ་རྒྱུ་དེ་ཡིན། གནད་དོན་ཕྱོགས་སྟོན་དུ་འཛིན་ནས་བརྟག་དཔྱད་ཞིབ་འཇུག་གི་དར་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་གི་ནུས་པ་ཆེ་རུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་ཉིད་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་གཞི་རྩའི་ནུས་རྩལ་ལ་འགྱུར་བ་བཅས་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཞིབ་འཇུག་དང་ཐག་གཅོད་ནུས་ལྡན་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཏང་ལ་ལྷག་བསམ་ཟོལ་མེད་དང་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མིར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་སེམས་མཐུན་འཁོར་རྒྱ་ཆེ་ཤོས་ཤིག་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ལས་འགན་ཨང་དང་པོ་དང་ལས་ཀའི་གཙོ་རྐང་དེར་དམ་པོར་དམིགས་པ་དང་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པར་དྲག་ཆས་སྤྲོས་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིར་སྣེ་ཁྲིད་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་མཛུབ་ཁྲིད་བཅས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་ཁ་ཕྱོགས་གསར་པ་དང་བླང་བྱ་གསར་པར་གཞི་ཚུགས་ཏེ་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་གོ་སྐབས་གསར་པ་སྟངས་འཛིན་བྱས་ནས་དམིགས་ཚད་ཀྱི་ངེས་གནས་ཡང་དག་འཚོལ་བ་དང་། གཙོ་གནད་ལས་འགན་ཁ་གསལ་བཟོ་བ། བསམ་ཕྱོགས་དང་བྱ་ཐབས་འཐུས་ཚང་དུ་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་འདི་ལོའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱབ་ཁོངས་ཁག་གི་ལས་དོན་ཏན་ཏན་ཏིག་ཏིག་ངང་སྒྲུབ་དགོས། འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་དང་ལྷག་དོན་དུ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།