མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཞལ་ཆད་བཞིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་
མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་བཞིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
         ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་ནང་ཀྲུང་ཨའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་འབྲེལ་འཕེལ་རྒྱས་གལ་ཆེན་ཡང་བྱུང་ཡོད། ཀྲུང་ཨའི་འབྲེལ་བ་མུ་མཐུད་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བ་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ཡོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་རེ་སྒུག་བྱེད་པ་ཞིག་ཀྱང་རེད། ཕྱོགས་གཉིས་པོས་མཐོ་རིམ་དང་རིམ་པ་ཁག་གི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་མཐོ་རིམ་བཞིའི་གླེང་མོལ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་འབྲེལ་རེས་སྐོར་གཉིས་པའི་གླེང་མོལ་ཡང་དུས་ཐོག་ཏུ་བྱེད་དགོས། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་ཕན་མང་པོ་ཐོབ་ཡོད། ཕྱོགས་གཉིས་པོས་དགེ་མཚན་ལྡན་པའི་བྱེད་སྟངས་སྤྱད་དེ་ཕན་ཚུན་དབར་ཁྲོམ་རའི་སྒོ་མོ་འབྱེད་པ་དང་མཉམ་ལས་ཀྱི་མར་གཟན་ཆེ་རུ་གཏོང་བ་བརྒྱུད་ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས། དམག་དཔུང་དང་། ཁྲིམས་ལག་བསྟར། དུག་འགོག མི་ཆོས། ས་གནས་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་ཐད་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་གཉིས་པོས་བློ་ཁ་ཕྱོགས་ས་གཅིག་གི་ཐོག་ནས་མདུན་སྐྱོད་དང་། ཕན་ཚུན་དབར་ལ་བརྩི་འཇོག མཉམ་ལས་ལ་དམ་པོར་དམིགས་དགོས་ཤིང་། དགེ་མཚན་ལྡན་པའི་བྱེད་སྟངས་ཐོག་ནས་དམིགས་བསལ་གྱི་གནད་དོན་ཐག་གཅོད་བྱེད་པ་དང་ཕན་ཚུན་གཉིས་པོའི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་ཆེ་གྲས་ལ་བརྩི་འཇོག་བྱས་ནས་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཐེ་རོན་ཕུས་ཨ་རི་ཕྱོགས་ཀྱིས་ཨ་ཀྲུང་འབྲེལ་བ་དང་ཨ་ཀྲུང་མཉམ་ལས་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་དང་རིམ་པ་ཁག་གི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། དངོས་སྒྲུབ་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་ཁྲོད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་བཀའ་འདྲི་གནང་བ་བཞིན་མིག་སྔའི་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་འཛིན་པའི་གཟིགས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ཐད་འགྱུར་ལྡོག་ཡག་པོ་འགའ་ཞིག་བྱུང་ཡོད། ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ལས་སླ་པོར་ཐོབ་པ་ཞིག་མིན་པའི་ཞི་ལྷོད་ཀྱི་དུས་བབ་མུ་མཐུད་རྒྱུན་འཁྱོངས་ཡོང་བ་བྱས་ནས་གླེང་མོལ་བསྐྱར་དུ་འགོ་འཛུགས་ཕྱིར་ཆ་རྐྱེན་གཏོད་དགོས། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་བཟོ་རྒྱུ་དང་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཕྱོགས་ཁག་གི་ཐུན་མོང་ཁེ་ཕན་དང་མཐུན་ཡོད། གནད་དོན་དེའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱེད་པར་སྲུང་སྐྱོང་བྱ་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཨ་རི་སོགས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབྲེལ་གཏུག་དམ་ཟབ་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་བརྩི་འཇོག མཉམ་ལས་ལ་ཤུགས་སྣོན་བཅས་ཀྱི་ཐོག་ནས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་དེ་ཐག་གཅོད་འོས་འཚམ་གྱི་ཁ་ཕྱོགས་བརྒྱུད་འཕེལ་རྒྱས་རྒྱུན་ཆད་མེད་པར་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་བ་རེད།
         ཐེ་རོན་ཕུས་ཨ་རི་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་ནུས་པ་གལ་ཆེན་འདོན་པར་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་དང་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་པའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།