མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།པུའུ་དང་ཨུད་སོགས་སྡེ་ཚན་15ཡིས་2018ལོའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་
བཅས"གཤམ་སྤེལ་གསུམ"གྱི་བྱེད་སྒོ་སྤེལ་དགོས་པའི་བརྡ་ཐོ་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སློབ་གསོ་པུའུ། ཚན་རྩལ་པུའུ། ཁྲིམས་འཛིན་པུའུ། ཞིང་ལས་པུའུ། རིག་གནས་པུའུ། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རིག་རྩལ་ལྷན་ཚོགས། ཀྲུང་གོ་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་མཉམ་དུ་བརྡ་ཐོ་བཏང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོའི་སྤུས་རྟགས་ཀྱི་ཕན་འབྲས་དང་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་སྔར་བས་སྐུལ་སློང་བྱས་ནས་ཐོན་ལས་དར་རྒྱས་དང་། སྣོད་བཅུད་མཐུན་འཕྲོད། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ཏེ“གཤམ་སྤེལ་གསུམ”གྱི་བྱེད་སྒོ་ནུས་ཤུགས་ཡོད་རྒུ་དང་སྒྲིག་འཛུགས་ལྡན་པའི་ངང་སྤེལ་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་ཀྱིས་གནད་སྨིན་དབུལ་སྐྱོར་ལ་རོགས་རམ་དང“བསམ་པའི་ཞན་ཆ”གསབ་དགོས་པའི་བླང་བྱ་བཏོན་པ་རེད།
         འདི་ལོའི“གཤམ་སྤེལ་གསུམ”གྱི་བྱེད་སྒོའི་ནང་དེ་སྔའི་ཉམས་མྱོང་དང་བྱ་ཐབས་བཟང་པོ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་མུ་མཐུད་ལེགས་བཅོས་དང་གསར་གཏོད་བྱ་རྒྱུ་དང་། སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་རྒྱུ་མངོན་གསལ་དུ་བྱས་ཤིང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་། ཀྲུང་གོ་རིག་རྩལ་ལྷན་ཚོགས་བཅས་བྱེད་སྒོའི་གཙོ་གཉེར་ཚན་པའི་ནང་ཞུགས་ཡོད། ནང་དོན་ལ་དམིགས་རྒྱུ་མངོན་གསལ་དུ་བྱས་ཤིང་། པུའུ་ཨུད་ཁག་གིས་སྣེ་ཁྲིད་ནས་སྤེལ་རྒྱུའི་དཔེ་མཚོན་གཅིག་སྡུད་ཀྱི་བྱེད་སྒོ་ཚང་མ་འབྲེལ་ཡོད་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)གྱི་ས་ཁུལ་དབུལ་པོ་དང་རྫོང་དབུལ་པོར་སྤེལ་རྒྱུ་དང་། འབྲེལ་ཡོད་མ་དངུལ་དང་། རྣམ་གྲངས། ཞབས་ཞུ་སོགས་ཚང་མ་དབུལ་སྐྱོར་ཁྱབ་ཁོངས་སུ་ཕྱོགས་རྒྱུའི་བཀོད་སྒྲིག་བྱས་ཡོད། བྱེད་ཐབས་གསར་གཏོད་བྱ་རྒྱུ་མངོན་གསལ་དུ་བྱས་ཤིང་། ནུས་ལྡན་གྱི་མཁོ་སྤྲོད་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ཞིང་པའི་དགོས་མཁོ་དང་སྦྲེལ་མཐུད་དང་ཞིང་པའི་དགོས་མཁོ་སྐོང་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་གཅིག་སྡུད་རང་བཞིན་དང་དཔེ་མཚོན་རང་བཞིན་གྱི་བྱེད་སྒོ་དེ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་འགན་ལེན་དང་ཟུང་འབྲེལ་བྱས་ཏེ་རྒྱུན་ཆད་མེད་པར་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། གཞི་རྟེན་འཐུས་སྒོ་ཚང་དུ་གཏོང་བ། བྱེད་ཐབས་གསར་གཏོད་བཅས་བྱས་ནས་ཞིང་ལས་དང་གྲོང་གསེབ་སྔོན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
         བརྡ་ཐོའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱེད་རྒྱུ་གཙོ་རྐང་དུ་བྱས་ནས་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། ཏན་ཏིག་དོན་འཁྱོལ་བཅས་ལ་འབད་བརྩོན་བྱས་ཏེ་ཕྱོགས་ཡོངས་དང་ཡང་དག་གཏིང་ཟབ་དང་ནན་ལ་གསོན་ཉམས་ལྡན་པ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རྒྱ་ཆེའི་གྲོང་གསེབ་ཏུ་ཁྱབ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་པ་དང་། “རིག་གནས་དུད་ཚང་ཁྲི་ལ་ཁྱབ་པ”དང“རིག་གནས་དཔྱིད་བསུ། སྒྱུ་རྩལ་དམངས་ཆེད” “སྤྲོ་སྣང་གཞི་རིམ་དུ་ཁྱབ་པ” “གཅིག་སེམས་གཅིག་སྦྲེལ”གྲོང་གསེབ་ཏུ་གློག་བརྙན་སྟོན་པ། དམངས་ཡོངས་ཀྱི་དཔེ་ཀློག དཔྱིད་གསར་ལ་དཔེ་དེབ་གཤམ་སྐྱེལ་སོགས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་ནས་ཕུལ་བྱུང་གི་བསམ་པའི་རིག་གནས་ཀྱི་རྒྱགས་ཕྱེ་དང་ཞབས་ཞུ་གྲོང་གསེབ་ཏུ་གཤམ་སྤེལ་བྱེད་དགོས་པ། ཚན་རྩལ་དཔེ་སྟོན་རྟེན་གཞི་དང་། གྲོང་གསེབ་ཀྱི་ཚན་རྩལ་གསར་གཏོད་ཁང་། ཚན་རྩལ་ཆ་འཕྲིན་ས་ཚིགས། ཚན་རིག་ཁྱབ་གདལ་གྱི་ཀྲུང་གོའི་གྲོང་གསེབ་eས་ཚིགས། ཚན་རིག་ཁྱབ་གདལ་བྱེད་སྒོ་ཁང་སོགས་རྨང་གཞིའི་ཚན་རྩལ་སྒྲིག་བཀོད་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་གྱི་ཤེས་ལྡན་མི་སྣ་དང་ཚན་རྩལ་གྱི་ཐོན་ཁུངས་གྲོང་གསེབ་ཏུ་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས་པ། བདེ་ཐང་གི་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་བདེ་ཐང་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ་དང་། གྲོང་གསེབ་ལ་ཕྱོགས་ནས་བདེ་ཐང་སྐུལ་འདེད་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་བ། རིམ་ཁག་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། ས་ཁུལ་དབུལ་པོ་བཅས་སུ་སྐོར་སྐྱོད་སྨན་བཅོས་བྱེད་པ། སྨན་བཅོས་ཐོན་ཁུངས་གྲོང་གསེབ་ཏུ་ཁྱབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་པ་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
         བརྡ་ཐོའི་ནང་ས་གནས་ཁག་དང་སྡེ་ཚན་ཁག་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་རྒྱུ་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར། གནད་སྨིན་དབུལ་སྐྱོར་ལ་རོགས་སྐྱོར་བྱེད་པའི་དམངས་འཚོའི་འདུ་འགོད་གལ་ཆེན་བཅས་སུ་བརྩིས་ཏེ་མ་དངུལ་གཏོང་ཚད་མང་དུ་གཏོང་བ་དང་རོགས་སྐྱོར་གྱི་སྲིད་ཇུས་བཟོས་ནས་དེ་བས་ལེགས་པའི་སྒོ་ནས་གཞི་རིམ་དང་ཞིང་པར་ཞབས་འདེགས་ཞུ་དགོས་པ་དང་། གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་གཅིག་སྡུད་ཞབས་ཞུའི་བྱེད་སྒོ་སྒྲིག་འཛུགས་ནན་ཏན་བྱས་ནས་རྒྱ་ཆེའི་ཞིང་པ་མང་ཚོགས་དགའ་སྤྲོ་དང་བཀྲ་ཤིས་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།