མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་19ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས“ལག་ཁྱེར་ཁག་དབྱེའི”སྒྱུར་བཅོས་ཚོད་ལྟའི་ལས་དོན་འཚོལ་ཞིབ་བྱེད་རྒྱ་ཆེ་རུ་བཏང་སྟེ་ལད་ཟློས་ཆོག་པའི་ཉམས་མྱོང་ཆགས་པ་བྱས་ནས་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་རྒྱུའི་གཏན་འབེབས་གནང་བ་མ་ཟད། ཕ་ཡུལ་དུ་ཕྱིར་ལོག་དང་གྲོང་གསེབ་ཏུ་བྱ་གཞག་སྐྲུན་པའི་བྱེད་ཐབས་ལ་སྔར་བས་རྒྱབ་སྐྱོར་བྱས་ནས་གྲོང་གསེབ་ཀྱི་ཐོན་ཁུངས་གཞི་རྒྱུ་སློང་སྐུལ་ཐུབ་པ་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གཏན་འཁེལ་གནང་བ་རེད།
         ཚོགས་འདུའི་ཐོག་ཞིང་པ་ལས་མི་དང་། མཐོ་སློབ་སློབ་ཐོན་སློབ་མ། དམག་ཞབས་ཐིམ་པའི་དམག་མི་སོགས་ཀྱི་མི་སྣ་ཕ་ཡུལ་དུ་ཕྱིར་ལོག་དང་གྲོང་གསེབ་ཏུ་བྱ་གཞག་སྐྲུན་མཁན་ལ་སྔར་བས་རྒྱབ་སྐྱོར་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་རྒྱུ་དང་། ཤེས་ལྡན་མི་སྣ་དང་། ལག་རྩལ། མ་རྩ་སོགས་ཐོན་ཁུངས་གྲོང་གསེབ་ཏུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ལས་ཞུགས་ཀྱི་ལམ་བུ་གསར་པ་གཏོད་རྒྱུ་དང“ཞིང་གསུམ”འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱ་རྒྱུ་བཅས་ལ་ཕན་ཐོགས་ཡོད་ལུགས་བཏོན་ཡོད། ཚོགས་འདུའི་ཐོག་ད་ཕན་ལོ་ཤས་རིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་རྫོང་རིམ་པའི་སྲིད་གཞུང་གི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་གཤམ་གསལ་གྱི་བྱེད་ཐབས་གསར་པ་འདོན་དགོས་པའི་གཏན་འབེབས་བྱས་པ་སྟེ། གཅིག་ནི་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕ་ཡུལ་དུ་ཕྱིར་ལོག་དང་གྲོང་གསེབ་ཏུ་བྱ་གཞག་སྐྲུན་མཁན་གྱིས་བྱ་གཞག་སྐྲུན་ཡུལ་དུ་ས་གནས་དེའི་ངལ་རྩོལ་པ་དང་འདྲ་བར་བྱ་གཞག་བསྐྲུན་རྒྱུའི་རོགས་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་དང་། བྱ་གཞག་སྐྲུན་ཐེངས་དང་པོ་ཡིན་པ་དང་བྱ་གཞག་བསྐྲུན་ནས་ལོ་གཅིག་ཡན་སོང་བའི་ཕ་ཡུལ་དུ་ཕྱིར་ལོག་གིས་བྱ་གཞག་སྐྲུན་མཁན་ཞིང་པ་ལས་མི་ཐེངས་གཅིག་ལ་བྱ་གཞག་གསར་གཏོད་ཀྱི་ཁ་གསབ་སྤྲོད་པའི་རྒྱབ་སྐྱོར་ཁྱབ་ཁོངས་ནང་འཇོག་དགོས་པ་དང་ཐོན་སྐྱེད་སྒྲིག་ཆས་ཕ་ཡུལ་དུ་དབོར་བའམ་ཡང་ན་ཉོས་ནས་ཕ་ཡུལ་དུ་ཕྱིར་ལོག་དང་གྲོང་གསེབ་ཏུ་བྱ་གཞག་སྐྲུན་མཁན་ཁེ་ལས་ལ་ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ཁ་གསབ་ངེས་ཅན་བྱེད་དགོས་པ་དང་། གཉིས་ནི་མ་དངུལ་བསྡུ་སྒྲིལ་ཞབས་ཞུ་དང་ས་ཆ་མཁོ་འདོན་བྱས་ནས་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། བྱ་གཞག་སྐྲུན་པའི་ཁག་ཐེག་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས“སྲིད་གཞུང+དངུལ་ཁང+འགན་བཅོལ”བཅས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་བྱེད་ཐབས་ཕ་ཡུལ་དུ་ཕྱིར་ལོག་དང་གྲོང་གསེབ་ཏུ་བྱ་གཞག་སྐྲུན་མཁན་ཁེ་ལས་ཁྲོད་ཁྱབ་གདལ་གཏོང་དགོས་པ་དང་། གྲོང་ཚོའི་འཛུགས་སྐྲུན་ས་སྤྱོད་བསྐྱར་སྦོལ་ཕྱིར་སྤྲོད་ཀྱི་འཛུགས་སྐྲུན་ས་ཆ་སྔོན་ལ་ཕ་ཡུལ་དུ་ལོག་ནས་གྲོང་གསེབ་ཏུ་བྱ་གཞག་སྐྲུན་མཁན་ལ་སྤྱོད་རྒྱུར་སྤྲོད་དགོས་པ་དང་ཁང་སའི་འཛུགས་སྐྲུན་ཐོན་སྐྱེད་ཀྱི་ཁང་པའི་ནང་ལས་སྣོན་རྣམ་གྲངས་ཆུང་གྲས་གཉེར་ཆོག་པ། གསུམ་ནི་གསོ་སྦྱོང་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་སྡེ་ཁུལ་དུ་སྲིད་དོན་ཞབས་ཞུའི་དྲ་བའི་ཐོག་གཉེར་བ་དང་ཕྱོགས་ཡོངས་ནས་གཉེར་རོགས་བྱ་རྒྱུ་ཁྱབ་གདལ་གཏོང་དགོས། ཕ་ཡུལ་དུ་ཕྱིར་ལོག་དང་གྲོང་གསེབ་ཏུ་བྱ་གཞག་སྐྲུན་པའི་གསོ་སྦྱོང་གི་ཆེད་དོན་བྱེད་ཐབས་ལག་བསྟར་བྱས་ཏེ་བྱ་གཞག་སྐྲུན་འདོད་ཡོད་མཁན་ཚང་མ་གཙོ་བོ་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་ཀྱི་བྱ་གཞག་གསོ་སྦྱོང་ནང་ཐེངས་གཅིག་བསྡུ་དགོས་པ། བཞི་ནི་ཤེས་ལྡན་པ་ཕ་ཡུལ་དུ་ལོག་རྒྱུའི་འདུ་འགོད་ལག་བསྟར་བྱས་ཏེ་རིགས་གཅིག་མཁས་ཅན་དང་མཁས་དབང་དང་རྩལ་ནུས་ཤེས་ལྡན་མི་སྣ་སོགས་ཕ་ཡུལ་དུ་ལོག་ནས་ཞབས་ཞུའི་ལས་དོན་སྤེལ་རྒྱུར་སྐུལ་ལྕག་དང་ཡིད་འགུག་ཐུབ་པ་བྱེད་དགོས་པ་དང་། བཟོ་ཚོང་མ་རྩ་ཕ་ཡུལ་དུ་ཕྱིར་ལོག་དང་གྲོང་གསེབ་ཏུ་བྱ་གཞག་སྐྲུན་རྒྱུར་རོགས་རམ་བྱེད་པའི་ནང་སྤྱོད་རྒྱུར་སྐུལ་ལྕག་བྱེད་དགོས་པ། ལྔ་ནི་བྱ་གཞག་སྐྲུན་པའི་ཉེན་ཁ་སྔོན་འགོག་ལམ་སྲོལ་འཛུགས་པ་དང་འབྲེལ་ཡོད་འགན་བཅོལ་ཐོན་རྫས་གསར་སྤེལ་བྱ་རྒྱུར་སྐུལ་ལྕག་བྱས་ཏེ་གཏན་འབེབས་གཞིར་བཟུང་ཕ་ཡུལ་དུ་ཕྱིར་ལོག་དང་གྲོང་གསེབ་ཏུ་བྱ་གཞག་སྐྲུན་མཁན་མི་སྣ་ལས་ཞུགས་རོགས་སྐྱོར་དང་། སྤྱི་ཚོགས་འགན་བཅོལ། རོགས་སྐྱོབ་མ་ལག་བཅས་ནང་བཞག་ནས་ཕ་ཡུལ་དུ་ཕྱིར་ལོག་དང་གྲོང་གསེབ་ཏུ་བྱ་གཞག་བསྐྲུན་མཁན་ལ་རྒྱབ་བརྟེན་ཡོད་པ་དང་ཕྱུག་པོ་ཆགས་ཐུབ་པ་བྱེད་དགོས་པ་བཅས་རེད།
         ཚོགས་འདུའི་ཐོག་ད་དུང་དེ་མིན་གྱི་དོན་གནད་ལ་ཞིབ་འཇུག་བྱས་པ་རེད།