མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུའུ་ཡིས་ཀྲུང་གོ་ཕྱོགས་ནས་སྤེལ་བའི་གྲུ་གཟིངས"སང་ཅི"འཚོལ་སྐྱོབ་བྱ་སྤྱོད་ལ་
རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱི་བསྔགས་བརྗོད་ཐོབ་ཡོད་ཅེས་བཤད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་20ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་18ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཀྲུང་གོ་ཕྱོགས་ནས་སྤེལ་བའི་གྲུ་གཟིངས“སང་ཅི”འཚོལ་སྐྱོབ་བྱ་སྤྱོད་ལ་རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱི་བསྔགས་བརྗོད་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཚུད་པའི་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་དང་འབྲེལ་གཏུགས་རྒྱུན་འཁྱོངས་བྱས་ཏེ་དུས་ཐོག་ཏུ་དོན་རྐྱེན་ཐག་གཅོད་ཀྱི་འཕེལ་རིམ་གསར་ཤོས་བརྡ་ཁྱབ་གཏོང་རྒྱུ་ཡིན་ཞེས་བཤད།
         དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ལུའུ་ཁང་གིས་གྲུ་གཟིངས“སང་ཅི”རྡུང་ཁ་ཤོར་བའི་དོན་རྐྱེན་ལ་རྒྱལ་སྤྱིའི་འབྲེལ་ཡོད་ལས་རིགས་རྩ་འཛུགས་དང་སྨྱན་སྦྱོར་གྱི་ཚད་མཐོའི་དོ་ཁུར་ཐོབ་ཡོད། ཟླ་1ཚེས་15ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚོ་ཐོག་སྐྱེལ་འདྲེན་ལས་དོན་གྱི་འགན་འཁུར་མཁན་ཆེད་བསྐོས་སྒྲིག་གཞི—རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱི་དྲུང་ཆེ་ལིན་ཅི་ཙེས་ཆེད་མངགས་གསལ་བསྒྲགས་སྤེལ་ཏེ་རྒྱལ་སྤྱིའི་འཚོལ་སྐྱོབ་བྱ་སྤྱོད་ལ་ཞུགས་མཁན་མི་སྣ་ཚང་མ་དང་དེ་བཞིན་ཁོང་ཚོས་མེ་དཔུང་དྲག་པོ་དང་འཐབ་རྩོད་བྱས་ཤིང་། སྣུམ་གྲུ་ནས་སྣུམ་ཟགས་པ་ལས་སྦགས་བཙོག་མ་ཤོར་སྔོན་འགོག་ལ་འབད་བརྩོན་བྱས་པར་བསྔགས་བརྗོད་བྱས་པ་རེད། ཟླ་1ཚེས་10ཉིན་དྲུང་ཆེ་ལིན་ཅི་ཙེས་ད་དུང་རྩ་འཛུགས་དེའི་དྲ་ཚིགས་ཐོག་རྡུང་ཁ་ཤོར་བའི་དོན་རྐྱེན་ལས་དབྱི་རན་གྱི་གྲུ་པ་30དང་བྷང་ག་ལའི་གྲུ་པ་2གར་སོང་ཆ་མེད་དུ་གྱུར་བར་སེམས་ཕམ་པོ་གནང་བ་དང་སྦྲགས་ཀྲུང་གོ་སྲིད་གཞུང་གིས་གནམ་གཤིས་དང་མཚོ་བབ་ཧ་ཅང་ཞན་པོའི་ཁྲོད་འཚོལ་སྐྱོབ་བྱ་སྤྱོད་སྤེལ་བར་བསྔགས་བརྗོད་བྱས་པ་དང་ཀྲུང་གོ་ཕྱོགས་ཀྱི་རོགས་སྐྱོབ་མི་སྣ་མེ་གསོད་ལ་ཞུགས་པའི་དཔའ་ངར་ཆེ་བའི་བྱ་སྤྱོད་ལ་བསྔགས་བརྗོད་གནང་བ་རེད།
         ཟླ་1ཚེས་6ཉིན་གྱི་མཚན་མོ་ཕ་ན་མའི་སྣུམ་འདྲེན་གྲུ་གཟིངས“སང་ཅི”དང་ཀྲུང་གོའི་ཤང་ཀང་གི་སིལ་ཟོག་སྐྱེལ་འདྲེན་གྲུ་གཟིངས“ཁྲང་ཧྥུང་ཆུ་ཤེལ”འབྲི་ཆུ་རྒྱ་མཚོར་བབ་སའི་ཤར་རྒྱུད་ཀྱི་མཚོ་ལེ་160ཙམ་གྱི་སར་རྡུང་ཁ་ཤོར་ནས་གྲུ་གཟིངས“སང་ཅི”ལ་མེ་ཤོར་བ་རེད། གྲུ་གཟིངས“སང་ཅི”དབྱི་རན་ཀོང་ཧུའེ་མཚོ་ཐོག་སྐྱེལ་འདྲེན་ཚད་ཡོད་ཀུང་སིའི་ཁོངས་སུ་གཏོགས་ཤིང་། དབྱི་རན་ནས་ཧན་གོར་གཏོང་བ་དང་གྲུ་གཟིངས་ལ་མི་32ཡོད། ཚེས་14ཉིན་གྱི་ཆུ་ཚོད་12ཙམ་ལ་གྲུ་གཟིངས“སང་ཅི”གློ་བུར་དུ་འབར་གས་བྱུང་ནས་གྲུ་གཟིངས་ཧྲིལ་པོ་མེ་འབར་རྗེས་མཚོ་ལ་དིམ་པ་རེད།