མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཞིང་ཆེན་རིམ་པའི་སྲིད་གཞུང་གི་རྨོ་ཞིང་སྲུང་
སྐྱོང་འགན་འཁྲིའི་དམིགས་ཚད་དཔྱད་ཞིབ་བྱ་ཐབས་》བཀྲམ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་20ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཞིང་ཆེན་རིམ་པའི་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་འགན་འཁྲིའི་དམིགས་ཚད་དཔྱད་ཞིབ་བྱ་ཐབས་》(གཤམ་དུ་《བྱ་ཐབས་》ཞེས་བསྡུ་རྒྱུ)བཀྲམ་པ་དང་། བྱ་ཐབས་དེ་ནི་པར་འགྲེམས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
         《བྱ་ཐབས་》ནང་ནན་བཤད་བྱས་དོན། རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་བརྟན་པོར་སྲུང་བ་དང་གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ་སྲུང་སྐྱོང་ནན་པོ་བྱས་ནས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་འགན་འཁྲིའི་དམིགས་ཚད་དཔྱད་ཞིབ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་《རྒྱལ་ཡོངས་ཀྱི་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་རྩ་གནད་》ནང་གཏན་ལ་ཕབ་པའི་སྲིད་འཛིན་ས་ཁོངས་དེའི་ནང་གི་རྨོ་ཞིང་ཉར་ཚད་དང་། ཡུན་རིང་གི་གཞི་རྩའི་ཞིང་ཁ་སྲུང་སྐྱོང་རྒྱ་ཁྱོན། དེ་བཞིན་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་བཅས་ཀྱི་ལས་འགན་གྱི་འགན་འཁུར་རྒྱུ་དང་། ཧྲེན་ཀྲང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཐད་གཏོགས་གྲོང་ཁྱེར་གྱི་གྲོང་དཔོན་བཅས་འགན་འཁྲི་བ་ཨང་དང་པོ་ཡིན་པ་རེད།
         《བྱ་ཐབས་》ནང་གཏན་འབེབས་བྱས་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲིའི་དམིགས་ཚད་ལག་བསྟར་བྱས་ཚུལ་ལ་དཔྱད་ཞིབ་བྱེད་དགོས་པ་དང་། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུས་ཞིང་ལས་པུའུ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་འགན་འཁུར་བ་དང་མཉམ་དུ་དཔྱད་ཞིབ་དང་ཞིབ་བཤེར་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་དགོས་པ། ལོ་འཁོར་གྱི་རང་བཤེར་ལོ་ལྟར་ཐེངས་རེ་བྱ་རྒྱུ་དང་། དེ་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོས་སྒྲིག་འཛུགས་བྱས་ནས་སྤེལ་དགོས། 2016ལོ་ནས་བཟུང་ལོ་ལྔ་རེ་ལ་འཆར་འགོད་དུས་ཚིགས་རེ་ཡིན་པ་དང་། དུས་དཀྱིལ་གྱི་ཞིབ་བཤེར་དེ་འཆར་འགོད་དུས་ཚིགས་རེའི་ལོ་གསུམ་པར་ཐེངས་རེ་བྱེད་དགོས་པ། དུས་མཇུག་གི་ཞིབ་དཔྱད་དེ་འཆར་འགོད་དུས་ཚིགས་རེ་མཇུག་འགྲིལ་རྗེས་ཀྱི་ལོ་རྗེས་མར་ཐེངས་རེ་སྤེལ་དགོས་པ། དུས་དཀྱིལ་གྱི་ཞིབ་བཤེར་དང་དུས་མཇུག་གི་དཔྱད་ཞིབ་ཐད་ཞིང་ཆེན་ཁག་གི་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲིའི་དམིགས་ཚད་དོན་འཁྱོལ་བྱ་ཚུལ་ལ་ཕྱོགས་བསྡུས་གདེང་འཇོག་དང་སྐར་རྒྱག་རིམ་སྒྲིག་བྱེད་དགོས།