མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་དང་། ཁེ་ལས་མཁས་ཅན་གྱི་ནུས་
པ་འདོན་སྤེལ། དངོས་ཚན་དཔལ་འབྱོར་བརྟན་སྲུང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་
དོན་འཁྱོལ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་24ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ཁེར་རྐྱང་ངལ་རྩོལ་པའི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་འཚོགས་པའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་འཕྲིན་ཡིག་སྤྲིངས་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚོགས་ཞུགས་འཐུས་མི་ཡོངས་དང་དེ་བཞིན་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཁེར་རྐྱང་དང་སྒེར་གཉེར་ཁེ་ལས་ཀྱི་གཉེར་སྐྱོང་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
         ཞི་ཅིན་ཕིང་གི་འཕྲིན་ཡིག་ནང་རང་རྒྱལ་གྱི་ཁེར་རྐྱང་དང་སྒེར་གཉེར་དཔལ་འབྱོར་ནི་སྒྱུར་བཅོས་སྒོ་དབྱེའི་ཐོན་དངོས་ཤིག་རེད། ལོ་བཞི་བཅུའི་རིང་ཏང་དང་རྒྱལ་ཁབ་ཀྱི་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་ཀྱི་མཛད་ཕྱོགས་སྲིད་ཇུས་ཀྱི་མཛུབ་ཁྲིད་འོག་ཁེར་རྐྱང་དང་སྒེར་གཉེར་དཔལ་འབྱོར་གྱིས་བརྟན་པོའི་ངང་འཕར་རྒྱུ་དང་། གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ། ལས་ཞུགས་མང་དུ་གཏོང་རྒྱུ། དམངས་འཚོ་ལེགས་སུ་གཏོང་རྒྱུ་སོགས་ལ་ནུས་པ་གལ་ཆེན་བཏོན་ཡོད། མིག་སྔར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་ཕྱིན་པ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར། དངོས་ཚན་དཔལ་འབྱོར་འཕེལ་རྒྱས། གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནང་ཁེར་རྐྱང་དང་སྒེར་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། རྒྱ་ཆེའི་ཁེར་རྐྱང་དང་སྒེར་གཉེར་ཁེ་ལས་ཀྱི་གཉེར་སྐྱོང་པ་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཁེ་ལས་མཁས་ཅན་གྱི་ནུས་པ་འདོན་སྤེལ། དངོས་ཚན་དཔལ་འབྱོར་བརྟན་སྲུང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དོན་འཁྱོལ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཁྲོད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་ཡོད།
        ཞི་ཅིན་ཕིང་གིས་ཁེར་རྐྱང་ངལ་རྩོལ་པ་དང་སྒེར་གཉེར་ཁེ་ལས་མཐུན་ཚོགས་ཀྱིས་སྦྲེལ་ཟམ་དང་སྒྲོག་ཐག་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་སྲིད་ཇུས་དང་ཁྲིམས་སྲོལ་ཁྱབ་གདལ་གཏོང་མཁན་དང་། སྒྱུར་བཅོས་ཟབ་གཏོང་ལ་སྐུལ་འདེད་གཏོང་མཁན། འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་མཁན། ཏང་འཛུགས་སྐྱོང་སྒྲིག་འཛུགས་བྱེད་མཁན་བཅས་ཡག་པོ་ཞིག་བྱས་ཏེ་ཁེར་རྐྱང་དང་སྒེར་གཉེར་ཁེ་ལས་ལ་འཕེལ་རྒྱས་ཀྱི་ལས་སྟེགས་བསྐྲུན་པ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་ནས་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ་རྒྱ་ཆེའི་ཁེར་རྐྱང་དང་སྒེར་གཉེར་ཁེ་ལས་ཀྱི་གཉེར་སྐྱོང་པ་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་རྒྱལ་གཅེས་ལས་བཀུར་དང་ཁྲིམས་སྲུང་ཡིད་རྟོན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་གཞིགས་པ། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་སྒུལ་ནུས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་དངོས་ཚན་དཔལ་འབྱོར་གྱི་རིམ་སྤོར་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ནང་དེ་བས་ཆེ་བའི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཁྲོད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། འབྲེལ་ཡོད་སྡེ་ཚན་ཁག་དང་། ས་ཁུལ་ཁག ཁེར་རྐྱང་དང་སྒེར་གཉེར་ཁེ་ལས་མཐུན་ཚོགས་བཅས་ཀྱིས“གཡོ་འགུལ་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ཏེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ལྷུག་གཏོང་དང་དོ་དམ་ཟུང་འབྲེལ། སྒྱུར་བཅོས་ཀྱི་ཞབས་ཞུ་བཟང་སྒྲིག་བཅས་བྱས་ནས་ཁེར་རྐྱང་དང་སྒེར་གཉེར་ཁེ་ལས་ཀྱི་དཀའ་ངལ་ཧུར་ཐག་སེལ་བ་དང་། ཁྲལ་དང་རིན་དངུལ་གཉིས་ཀ་གཅོག་པ་སོགས་ཀྱི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། བདག་དབང་སོགས་ཀྱི་ཁེ་ལས་ཀྱི་ཁྲིམས་མཐུན་དབང་ཆ་ཁག་ཁྲིམས་ལྟར་སྲུང་སྐྱོང་བཅས་བྱས་ཏེ་དེ་བས་ནུས་ལྡན་གྱི་བྱེད་ཐབས་ཐོག་ནས་གཉེར་ཚོང་གི་ཁོར་ཡུག་བཟང་པོ་གཏོད་དགོས་ཞེས་གསུངས་པ་རེད།
        ཚེས་22ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཀྱི་ཁེར་རྐྱང་ངལ་རྩོལ་པའི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་ཤིང་། རྒྱལ་དོན་ཨུ་ཡོན་ཝང་ཡུང་གིས་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་སྒྲོག་སྦྱངས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་ཀྱིས་ཁེར་རྐྱང་དང་སྒེར་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་གཏོང་སྟངས་སྒྱུར་རྒྱུ་དང་། དཔལ་འབྱོར་གྲུབ་ཆ་བཟང་སྒྲིག འཕར་བའི་སྒུལ་ཤུགས་སྒྱུར་རྒྱུ་བཅས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ཁེར་རྐྱང་དང་སྒེར་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།