མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་
འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་25ཉིན། 12:29】  

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་23ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཡིན་ལ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་ཀྱང་ཡིན་པས་སྒྱུར་བཅོས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བར་བསམ་བློར་བསྐྱར་དུ་བཅིངས་འགྲོལ་དང་། སྒྱུར་བཅོས་བསྐྱར་དུ་ཟབ་གཏོང་། ལས་དོན་ལ་བསྐྱར་དུ་དམ་འཛིན་བཅས་ལ་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་སྟོབས་ཤུགས་ཆེན་པོ་ཞིག་གཅིག་སྒྲིལ་གྱིས་འགོ་འཛུགས་ས་གསར་པའི་ཐོག་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཚོགས་འདུའི་ཐོག་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལ་སྐུལ་འདེད་གཏོང་བར་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་འཛུགས་སྐྱོང་གི་ཆོས་ཉིད་དང་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པ་བྱེད་པ་དང་། ཆ་འཕྲིན་ཡོངས་བསྒྲགས་བྱ་ཤུགས་ཆེ་རུ་གཏོང་བ། ཡོངས་བསྒྲགས་གཙོ་གནད་ཁ་གསལ་དུ་གཏོང་བ། ཡོངས་བསྒྲགས་ནང་དོན་ཞིབ་ཚགས་སུ་གཏོང་བ། ཡོངས་བསྒྲགས་ཕན་ནུས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ཁ་གསལ་གཏིང་གསལ་ཡོང་བ་བྱེད་པ། སྤྱི་ཚོགས་ཀྱི་སྤྱི་ཕན་ཐོན་ཁུངས་བགོ་འགྲེམས་སྔར་བས་འདྲ་མཉམ་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་གི་སྤྱི་ཕན་ངོ་བོ་འགན་ལེན་དང་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་གི་སྤྱི་མོས་ཐོབ་ཚད་སྲུང་དགོས་ཞེས་བསྟན་པ་རེད།    
         ཚོགས་འདུའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་གཏན་འཁེལ་དང་གཞི་རྩའི་རྒན་གསོའི་དངུལ་རྒྱུན་གཏན་ལེགས་སྒྲིག་གི་ལམ་སྲོལ་འཛུགས་པར་མཐའ་ཚད་སྐྱོང་བ་དང་། དྲ་བ་སྦྲེལ་བ། ལམ་སྲོལ་འཛུགས་པ་བཅས་ཀྱི་བླང་བྱ་གཞིར་བཟུང་ལྕག་སྐུལ་འཆུན་འདོམས་ནུས་ལྡན་དང་། མ་དངུལ་གྲབས་གསོག་འགན་དབང་ཁ་གསལ། འགན་ལེན་ཆུ་ཚད་འོས་འཚམས་བཅས་ཀྱི་ཐོབ་ཐང་གཏན་འཁེལ་དང་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྒྱུན་གཏན་ལེགས་སྒྲིག་ལམ་སྲོལ་བཙུགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་ཆུ་ཚད་དེ་དཔལ་འབྱོར་འཕེལ་རྒྱས་དང་མཉམ་དུ་རིམ་བཞིན་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་འགན་བཅོལ་ནང་ཞུགས་པའི་ཡུལ་མིར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་ཞེས་བསྟན་པ་རེད།
         ཚོགས་འདུའི་ཐོག་ཚན་རིག་གི་གྲངས་གཞི་དོ་དམ་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བར་གྲངས་གཞི་ཆེ་མོ་འཕེལ་རྒྱས་ཀྱི་དུས་བབ་དང་འཚམས་པར་བྱས་ནས་ཚན་རིག་གི་གྲངས་གཞིའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྒོ་དབྱེ་མཉམ་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གྲངས་གཞི་གལ་ཆེན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་གྲངས་གཞིའི་བདེ་འཇགས་ཀྱི་རིམ་པ་དང་སྒོ་དབྱེའི་ཆ་རྐྱེན་གཏན་འཁེལ་བྱེད་པ། གྲངས་གཞི་མཉམ་སྤྱོད་དང་ཕྱི་ཕྱོགས་སྤེལ་རེས་ཀྱི་བདེ་འཇགས་ཞིབ་བཤེར་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་སྲིད་གཞུང་གི་ཐབས་ཇུས་དང་། སྤྱི་པའི་བདེ་འཇགས། རྒྱལ་སྲུང་འཛུགས་སྐྱོང་། ཚན་རིག་ཞིབ་འཇུག་བཅས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
         ཚོགས་འདུའི་ཐོག་ས་གནས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བར་ཏང་སྲིད་འགན་འཁྲི་མཉམ་ཁུར་དང་། གནས་གཅིག་འགན་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། 
         འགན་ཤོར་བདའ་འདེད་བཅས་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་གཏོང་རྒྱུར་བདེ་འཇགས་བློས་གཏོང་གཏན་ནས་བྱེད་མི་རུང་བའི་དམར་ཐིག་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ས་གནས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཙོ་བོ་ཁ་གསལ་བཟོ་བ། སྐོར་ཞིབ་ལྟ་བཤེར་དང་། དཔྱད་ཞིབ་ལྟ་ཞིབ། སྐུལ་ལྕག་ཆད་གཅོད་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་ངང་སྤྱོད་པ་བཅས་ཀྱི་སྒོ་ནས་ས་གནས་ཀྱི་རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི“ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་ཕྱོགས་གཅིག་གི་དུས་བདེ་སྲུང་བའི”ཆབ་སྲིད་ཀྱི་འགན་འཁྲི་ཤུགས་ཆེར་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 2018ལོ་ནི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མུ་མཐུད་འཚོལ་ཞིབ་དང་འབད་འཐབ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་པས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་བསྟར་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་བྱ་ཐབས་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་ལ་གཅིག་འདོམས་སྐུལ་འདེད་གཏོང་བ། སྒྱུར་བཅོས་ཀྱི་ཆ་ལག་ཚང་བའི་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་སྔར་བས་སྣང་ཆེན། ལམ་ལུགས་གལ་ཆེན་གྱི་ཞན་ཆ་གསབ་རྒྱུར་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ། སྒྱུར་བཅོས་ཀྱི་ཕན་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུར་ཤུགས་སྣོན། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་རྨང་གཞིའི་རང་བཞིན་གྱི་འགག་རྩའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་གྲུབ་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
         སྒྱུར་བཅོས་ཐད་གཙོ་གནད་འབུར་དུ་ཐོན་པ་བྱེད་དགོས་པ་དང་དཀའ་གནད་བསལ་ནས་ཕྱོགས་ཁག་གི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་གསབ་པ་དང་རིམ་པ་མང་བའི་ཁེ་ཕན་ལེགས་སྒྲིག་གི་བཀོད་ཇུས་ཐད་སླར་ཡང་ལས་འགན་ལྕི་པོ་ཁག་གཅིག་ཁུར་དགོས། གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་མ་རྩ་དང་། སྒེར་སྡེམ་ལས་རིགས། བདག་དབང་སྲུང་སྐྱོང་། ནོར་ཁྲལ་དང་དངུལ་རྩ། གྲོང་གསེབ་དར་རྒྱས། སྤྱི་ཚོགས་འགན་སྲུང་། ཕྱི་ཕྱོགས་སྒོ་དབྱེ། སྣོད་བཅུད་ཤེས་དཔལ་སོགས་འགག་རྩའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཕོད་པ་དང་རང་ངོས་གསར་བརྗེ་ཕོད་པ་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་གྱིས་དངོས་ཐོག་བདེན་འཚོལ་དང་གཞི་རིམ་དང་མང་ཚོགས་ཚོས་དོ་ཁུར་བྱེད་པའི་གནད་དོན་ཐོག་ནས་ཚད་བརྒལ་བྱ་གཞི་མང་ཙམ་བཙལ་ཏེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྒྱུར་བཅོས་ལ་སྐུལ་སྤེལ་མང་ཙམ་གཏོང་དགོས། གཞི་རིམ་གྱི་གསར་གཏོད་ལ་ལྕག་སྐུལ་བྱས་ཏེ་གདོང་ལེན་དང་ཚོད་ལྟ་བྱེད་ཕོད་པ་མ་ཟད་མི་གཞན་གྱི་སྔོན་ལ་བྱེད་ཕོད་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་སྒྱུར་བཅོས་གསར་གཏོད་ཀྱི་རྣམ་པ་སྔར་བས་ཟབ་པ་དང་གསོན་ཉམས་སྔར་བས་དོད་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
         དངོས་དངོས་རྗེན་རྗེན་གྱི་བྱ་ཐབས་ཐོག་ནས་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཁྱད་བསད་བྱེད་དགོས། འགན་འཁུར་བློ་མཐུན་གཙོ་བོས་སྣེ་ཡག་པོ་འཁྲིད་པ་དང་། འགན་འཁྲི་དང་ལས་དོན་ལ་དམ་འཛིན་ཏག་ཏིག་བྱེད་པ། དཀའ་ངལ་ཇི་ཙམ་ཆེ་བ་དང་ཕན་འབྲས་ཇི་ཙམ་ཐོན་འགོར་བ་དེ་ཙམ་གྱིས་དམ་འཛིན་བྱས་ནས་ཆུང་ཙག་མི་དོར་བ་དང་བྱས་རྗེས་ཕྲན་བུའང་བློས་གཏོང་མི་རུང་། བརྟག་དཔྱད་ཞིབ་འཇུག་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ལྷག་པའི་འགལ་ཟླ་དང་དཀའ་ངལ་རྣམས་མཐའ་གསལ་མཐིལ་རྟོགས་ཀྱིས་ལས་དོན་ཏན་ཏིག་ངང་སྒྲུབ་དགོས། སྒྱུར་བཅོས་ལྟ་བཤེར་བྱེད་རྒྱ་ཆེ་རུ་དང་རྩད་གཅོད་རྩ་བཀོག་བྱས་ཏེ་གང་དེའི་སྐད་ཆར་ཉན་དགོས་ལ་གང་དེའི་བྱ་སྤྱོད་ལ་ལྟ་དགོས་པ་དང་གང་དེའི་གྲུབ་འབྲས་ཀྱང་བཤེར་དགོས། དགོས་པའི་ལས་མི་བྱེད་མཁན་དཔེ་མཚོན་དུ་བཟུང་ནས་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།