མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་གསུམ་
པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་02ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་1ཚེས་30ཉིན་གྱི་ཕྱི་དྲོ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་གསུམ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་རྒྱུ་ནི་བྱ་བ་ཆེན་པོ་ཞིག་དང་རིགས་པའི་གཞུང་ལུགས་ཀྱི་བརྗོད་བྱ་གལ་ཆེན་ཞིག་ཡིན་ལ། དེ་བས་ལག་ལེན་གྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན་པས་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཟུང་འབྲེལ་བྱས་ནས་གྲོས་བསྡུར་གཏིང་ཟབ་བྱེད་དགོས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་རྒྱུ་ནི་རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་དམིགས་ཚད་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་བསྒྱུར་བ་དང་། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག དཔལ་འབྱོར་འཕར་བའི་སྒུལ་ཤུགས་བསྒྱུར་བ་བཅས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག་ཀྱང་ཡིན། ཏང་ཡོངས་ཀྱིས་ངེས་པར་དུ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་རྒྱུའི་གལ་ཆེའི་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་རྒྱུའི་དམིགས་ཚད་དང་གཙོ་གནད་ལ་སྟངས་འཛིན་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་འཕེལ་བ་དང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམིགས་པ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་བླང་བྱ་གསར་པར་བསྟུན་རྒྱུར་དམིགས་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། རྒྱལ་ཁབ་སྟོབས་འབྱོར་ལྡན་པར་དཔལ་འབྱོར་མ་ལག་ངེས་པར་དུ་སྟོབས་ཆེན་ཞིག་དགོས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཅིག་ཆགས་ན་གཞི་ནས་དེང་རབས་ཅན་གྱི་འཕེལ་རྒྱས་རླབས་རྒྱུན་དང་འཚམ་པ་དང་རྒྱལ་སྤྱིའི་འགྲན་རྩོད་ནང་རང་རྟོགས་དབང་ཆ་དེ་བས་ལེགས་པའི་ངང་ཐོབ་ཐུབ་ལ། གཞི་ནས་ཁྱབ་ཁོངས་གཞན་གྱི་དེང་རབས་ཅན་མངོན་འགྱུར་ཐད་འདེགས་སྐྱོར་ནུས་ལྡན་ཡང་བྱེད་ཐུབ། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་བསྐྲུན་རྒྱུའི་བླང་བྱར་གཞིགས་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་བཙུགས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཀྱི་དམིགས་ཚད་དུས་ཐོག་ཏུ་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ནི་སྤྱི་ཚོགས་དཔལ་འབྱོར་བྱེད་སྒོའི་ལྷུ་ཚིགས་ཁག་དང་། རིམ་པ་ཁག ཁྱབ་ཁོངས་ཁག་བཅས་ཀྱི་ཕན་ཚུན་འབྲེལ་བ་དང་ནང་གནས་འབྲེལ་བ་ལས་གྲུབ་པའི་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་རེད། གསར་གཏོད་ལ་བརྟེན་ནས་ཁྲིད་སྟོན་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐོན་ལས་མ་ལག་ཅིག་སྐྲུན་ནས་དངོས་ཚན་དཔལ་འབྱོར་དང་། ཚན་རྩལ་གསར་གཏོད། དེང་རབས་དངུལ་རྩ། མི་ཤུགས་ཐོན་ཁུངས་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བྱས་ཏེ་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཚན་རྩལ་གསར་གཏོད་ཀྱི་ལེགས་སྐྱེས་འབུལ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དེང་རབས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མི་ཤུགས་ཐོན་ཁུངས་ཀྱིས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་བཟང་སྒྲིག་བཅས་བྱེད་དགོས། གཅིག་གྱུར་སྒོ་དབྱེ་དང་འགྲན་རྩོད་གོ་རིམ་ལྡན་པའི་ཁྲོམ་རའི་མ་ལག་འཛུགས་སྐྱོང་བྱས་ནས་ཁྲོམ་རའི་ཆོག་འཐུས་ཤར་གཏོང་དང་། ཁྲོམ་རའི་སྒོ་དབྱེ་གོ་རིམ་ལྡན་པ། ཁྲོམ་རའི་འགྲན་རྩོད་བྱེད་ནུས། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་བཅས་ཡོང་བ་བྱས་ཏེ་ཁེ་ལས་ཀྱི་རང་བརྟེན་གཉེར་སྐྱོང་གི་དྲང་གཞག་འགྲན་རྩོད་དང་། འཛད་སྤྱོད་པས་རང་བརྟེན་འཛད་སྤྱོད་རང་མོས་གདམ་ག ཚོང་ཟོག་དང་རྒྱུ་རྐྱེན་གཙོ་བོ་རང་མོས་འཁོར་རྒྱུག་དང་འདྲ་མཉམ་བརྗེ་རེས་བཅས་ཀྱི་དེང་རབས་ཀྱི་ཁྲོམ་རའི་མ་ལག་ཅིག་མགྱོགས་མྱུར་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པར་ཏན་ཏིག་དང་སྤྱོད་གོ་ཆོད་པའི་སྲིད་ཇུས་ཀྱི་བྱ་ཐབས་དང་བྱ་སྤྱོད་དགོས་པས་གཤམ་གསལ་གྱི་ཕྱོགས་འགའི་ལས་དོན་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། གཉིས་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་མགྱོགས་མྱུར་ལག་ལེན་བསྟར་བ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གི་འཐབ་ཇུས་འདེགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཚན་རྩལ་གསར་གཏོད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གསར་གཏོད་ལ་བརྟེན་ནས་དེ་བས་མང་བའི་སྐུལ་མ་གཏོང་བ་དང་སྔོན་ལ་འཕེལ་རྒྱས་གཏོང་བའི་ལེགས་ཆ་དེ་བས་མང་བ་འདོན་སྤེལ་བྱེད་པའི་སྣེ་ཁྲིད་རྣམ་པའི་འཕེལ་རྒྱས་ཡོང་བ་བྱེད་དགོས་པ། གསུམ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གི་བར་མཐོངས་བཀོད་སྒྲིག་ལེགས་སུ་བཏང་སྟེ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཡག་པོ་བསྟར་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་དང་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། དུས་མཚུངས་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་པོ་ཁུལ་འཕེལ་རྒྱས་ཡོང་བར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།