མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཁྲིམས་འཛིན་པུའུ་ཡིས་2017ལོར་བཅའ་ཁྲིམས་ཐད་ནས་རོགས་སྐྱོར་བྱས་ཏེ་ཞིང་པ་ལས་
མིར་གླ་ཕོགས་སྒོར་དུང་ཕྱུར་83ལྷག་ཙམ་འདེད་རོགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་04ཉིན། 11:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་ཞིང་པ་ལས་མིས་གླ་ཕོགས་དེད་ལེན་གྱི་གནད་དོན་ཇེ་མང་དུ་སོང་བཞིན་ཡོད། ཚེས་2ཉིན་གསར་འགོད་པས་ཁྲིམས་འཛིན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2017ལོའི་ཟླ་12པར་རྒྱལ་ཡོངས་སུ་ཁྱོན་ཞིང་པ་ལས་མིའི་གླ་ཕོགས་དེད་ལེན་གྱི་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་ཁྲི་3ལྷག་ཙམ་བདག་སྤྲོད་བྱས་པ་དང་རོགས་སྐྱོར་ཐོབ་མཁན་མི་ཐེངས་ཁྲི་4ལྷག་ཙམ་ཟིན་ནས་ཆད་དངུལ་སྒོར་དུང་ཕྱུར་3དངོས་སུ་འདེད་ལེན་ཐུབ་པ་བྱུང་བ་རེད། 2017ལོའི་ལོ་ཧྲིལ་པོར་རྒྱལ་ཡོངས་སུ་ཁྱོན་ཞིང་པ་ལས་མིའི་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་ཁྲི་44ལྷག་ཙམ་ཐག་གཅོད་བྱས་པ་དང་རོགས་སྐྱོར་ཐོབ་པའི་ཞིང་པ་ལས་མི་མི་ཐེངས་ཁྲི་49ཟིན་ནས་ཞིང་པ་ལས་མིར་ཆད་དངུལ་སྒོར་དུང་ཕྱུར་83རག་སྟེ་ཁོང་ཚོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད།
        ཞིང་པ་ལས་མི་ནི་ཁྱིམ་ཚང་གི་ཀ་བ་ལྟ་བུ་ཞིག་རེད། ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ཇི་ལྟར་བྱས་ནས་ཞིང་པ་ལས་མིའི་ཁྲག་དང་རྔུལ་ཆུས་གྲུབ་པའི་གླ་ཕོགས་གྲངས་གཙང་ངང་ལེན་རྒྱུ་ཡོང་བའི་འགན་ལེན་བྱེད་དགོས་སམ། ཁྲིམས་འཛིན་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། 2017ལོར་ཁྲིམས་འཛིན་པུས་《2017ལོའི་ཞིང་པ་ལས་མིའི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》དང་《2018ལོའི་དཔྱིད་གསར་དུས་ཆེན་གོང་ཁྲིམས་འཛིན་སྲིད་འཛིན་ཞབས་ཞུ་བྱས་ཏེ་ཆད་དངུལ་བཅོས་སྐྱོང་དང་ཆད་དངུལ་གྲངས་གཙང་ལེན་ཐུབ་རྒྱུའི་འགན་ལེན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》གཤམ་སྤེལ་བྱས་ནས། ཞིང་པ་ལས་མིར་ཁྲིམས་སྐྱོང་དྲིལ་བསྒྲགས་དང་། བཅའ་ཁྲིམས་རོགས་སྐྱོར། བཅའ་ཁྲིམས་ཞབས་ཞུ་སོགས་ཀྱི་ལས་དོན་སྤེལ་རྒྱུར་བཀོད་སྒྲིག་བྱས་པ་དང་། ཉེ་ཆར་《ཞིང་པ་ལས་མིས་ངལ་རྩོལ་ཐོབ་ཆ་སྤྲོད་རྒྱུ་རེ་ཞུ་བྱེད་པའི་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞིའི་འབྲེལ་ཡོད་གྲངས་གཞི་གོང་ཞུ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་སྟེ་ས་ཁུལ་ཁག་གི་བཅའ་ཁྲིམས་རོགས་སྐྱོར་དོ་དམ་སྒྲིག་གཞིར་ཞིང་པ་ལས་མིས་ངལ་རྩོལ་ཐོབ་ཆ་སྤྲོད་རྒྱུ་རེ་ཞུ་བྱེད་པའི་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞིའི་འབྲེལ་ཡོད་གྲངས་གཞིའི་སྐོར་ལ་2017ལོའི་ཟླ་12ནས་2018ལོའི་ཟླ་2པའི་རིང་། ཟླ་བ་རེར་གོང་ཞུ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས་ས་ཁུལ་ཁག་གི་ཞིང་པ་ལས་མིར་བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་འདེགས་ཞུས་ནས་ཆད་དངུལ་བཅོས་སྐྱོང་དང་ཆད་དངུལ་གྲངས་གཙང་ངང་ལེན་རྒྱུའི་ལས་དོན་ཡག་པོ་སྒྲུབ་རྒྱུར་ཁྲིད་སྟོན་གྱིས་འབྲེལ་ཡོད་བསྡོམས་རྩིས་གྲངས་གཞིར་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་འོས་འཚམ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ས་ཁུལ་ཁག་གི་བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞིས“ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་གི་སྟབས་བདེའི་བགྲོད་ལམ”ཕྱོགས་ཡོངས་ནས་ཤར་གཏོང་བྱས་ཏེ་གོ་རིམ་སྟབས་བདེ་དང་། འགྲོ་ལུགས་གཉེར་བདེ་བ། ཐག་གཅོད་བྱེད་མགྱོགས་པ་བཅས་བརྒྱུད་ཞིང་པ་ལས་མིར་རོགས་སྐྱོར་བྱེད་དགོས་རིགས་ཚང་མ་རོགས་སྐྱོར་བྱེད་རྒྱུའི་འགན་ལེན་བྱས་ཡོད། ཁྲིམས་འཛིན་པུས་《བཅའ་ཁྲིམས་ལ་བརྟེན་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བསམ་འཆར་》བཟོས་ནས་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ནང་ཁྲིམས་རྩོད་པ་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་འདེད་བཏང་བ་དང་། ཆ་རྐྱེན་ལྡན་པའི་ས་གནས་ལ་ཞིང་པ་ལས་མིའི་བཅའ་ཁྲིམས་རོགས་སྐྱོར་གྱི་ཆེད་ལས་ཚོགས་པ་བཙུགས་ནས་གྱོད་སྒྲུབ་ཀྱི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།