མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཤང་ཀང་ལོ་24བསྟུད་མར་གོ་ལ་ཧྲིལ་པོའི་རང་མོས་ཆེ་ཤོས་ཀྱི་དཔལ་འབྱོར་དངོས་ཚན་ལ་
བདམས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་04ཉིན། 11:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་2ཉིན་སྲོལ་རྒྱུན་ཐེབས་རྩ་ལྷན་ཚོགས་ཀྱིས་བཀྲམ་པའི་2018ལོའི་《དཔལ་འབྱོར་རང་དབང་ཚད་གཞིའི་སྟོན་གྲངས་》ཀྱི་སྙན་ཞུའི་ནང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ལོ་24བསྟུད་མར་གོ་ལ་ཧྲིལ་པོའི་རང་མོས་ཆེ་ཤོས་ཀྱི་དཔལ་འབྱོར་དངོས་ཚན་ལ་བདམས་པ་རེད། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེས་དེའི་ཐད་དགའ་བསུ་ཞུས་པ་རེད།
         འདི་ལོའི་ཤང་ཀང་གི“དཔལ་འབྱོར་རང་དབང་ཚད་གཞིའི་སྟོན་གྲངས”ཀྱི་སྤྱིའི་སྐར་གྲངས་ན་ནིང་ལས་སྐར་གྲངས་0.4ནས་90.2བར་འཕར་ནས་སྤྱིའི་སྐར་གྲངས་90ལས་བརྒལ་བའི་དཔལ་འབྱོར་དངོས་ཚན་འབའ་ཞིག་ཡིན་པ་དང་། གོ་ལ་ཧྲིལ་པོའི་ཆ་སྙོམས་སྐར་གྲངས་61.1གི་ཆུ་ཚད་ལས་ཧ་ཅང་མཐོ་བ་ཡོད། སྙན་ཞུའི་ནང་འཁོད་པའི་དཔྱད་དཔོག་རྒྱུ་རྐྱེན་12ཀྱི་ནང་ཤང་ཀང་གི་རྣམ་གྲངས་8ལ་སྐར་མ་90འམ་ཡང་ན་དེ་ལས་མཐོ་བའི་གྲུབ་འབྲས་ཐོབ་ཡོད་པ་དང་། “ནོར་སྲིད་སྐྱོན་བྲལ”དང“ཚོང་གཉེར་རང་མོས”“ཚོང་དོན་རང་མོས”“དངུལ་རྩ་རང་མོས”བཅས་ཀྱི་ཐད་ལ་གོ་ལ་ཧྲིལ་པོའི་སྐར་མ་མཐོ་ཤོས་ཐོབ་ཡོད་པ་རེད།
        སྙན་ཞུའི་ནང་སྲོལ་རྒྱུན་ཐེབས་རྩ་ལྷན་ཚོགས་ཀྱིས་ཤང་ཀང་གི་དཔལ་འབྱོར་ལ་མཉེན་ཆ་ལྡན་པ་དང་། ཁྲིམས་འཛིན་ལམ་ལུགས་ཡག་པ། སྤྱི་ཚོགས་ཀྱི་དར་སྲོལ་སྤྱོད་གཙང་ཡིན་པ། སྲིད་གཞུང་གི་ཡོངས་བསྒྲགས་ཚད་གཞི་མཐོ་བ། ལྟ་སྐུལ་དོ་དམ་ལམ་ལུགས་ནུས་པ་ཆེ་བ་བཅས་ཡོད་པ་དང་། དེ་བཞིན་འཛམ་གླིང་ཡོངས་ཀྱི་ཚོང་དོན་ཐད་སྒོ་དབྱེའི་རྣམ་འགྱུར་འཛིན་པ་སོགས་ལ་བསྔགས་བརྗོད་བྱས་ཡོད་པ་རེད།
        ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ནོར་སྲིད་སིའི་སི་ཀྲང་ཁྲེན་མའོ་པོས་རང་མོས་ཁྲོམ་རའི་རྩ་དོན་དམ་སྲུང་བྱ་རྒྱུ་ནི་སྔ་ཕྱི་བར་གསུམ་དུ་ཤང་ཀང་གིས་དཔལ་འབྱོར་དར་རྒྱས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་རྒྱུན་འཁྱོངས་བྱེད་པའི་རྨང་རྡོ་ལྟ་བུ་ཞིག་ཡིན་པས་ཤང་ཀང་ལ་དེའི་ཐད་སླར་ཡང་རྒྱལ་སྤྱིའི་གདེང་འཇོག་ཐོབ་པར་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད་པ་རེད།
         ཁྲེན་མའོ་པོས་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་དྲག་པོའི་ཁྲོད་ཤང་ཀང་འཕེལ་མེད་ཕྱིར་བཤོལ་བྱས་ནས་མ་བསྡད་པར་ངེས་པར་དུ་འབད་བརྩོན་ཧུར་ཐག་བྱེད་དགོས། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཤང་ཀང་གི་ལེགས་ཆར་སྲུང་སྐྱོང་བྱ་རྒྱུར་འབད་བརྩོན་བྱེད་དགོས། དེའི་ནང་ཁྲིམས་སྐྱོང་དང་ཁྲིམས་འཛིན་རང་ཚུགས་དང་། སྟབས་བདེའི་ཁྲལ་བསྡུའི་ལམ་ལུགས་དང་ཁྲལ་ཚད་དམའ་བ། རང་མོས་སྒོ་དབྱེའི་ཚོང་དོན། དྲང་གཞག་གི་འགྲན་རྩོད་ཁོར་ཡུག་དང་ནུས་ཆེའི་གཞུང་གཉེར་སྡེ་ཚན་བཅས་ཚུད་ཡོད་ཅེས་བརྗོད་པ་རེད།