མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཙུང་ཐུང་མ་ཐ་ལེ་ལ་རྣམ་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་
གནང་ནས་ཀྲུང་གོ་དང་དབྱི་ཐ་ལིའི་གློག་ཁབ་ལེན་གྱི་ལྟ་ཞིབ་ཚད་ལེན་ཚོད་ལྟའི་སྲུང་
སྐར་འཕེན་གཏོང་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་04ཉིན། 11:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབྱི་ཐ་ལིའི་ཙུང་ཐུང་མ་ཐ་ལེ་ལ་རྣམ་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས་ཀྲུང་གོ་དང་དབྱི་ཐ་ལིས་མཉམ་ལས་བྱས་པའི་གློག་ཁབ་ལེན་གྱི་ལྟ་ཞིབ་ཚད་ལེན་གྱི་ཚོད་ལྟའི་སྲུང་སྐར་(ཀྲང་ཧེང་ཨང་དང་པོ)དེ་ཅིའུ་ཆོན་དུ་འཕེན་གཏོང་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས་གནང་བ་རེད།
         ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་ཀྱིས་གློག་ཁབ་ལེན་གྱི་ལྟ་ཞིབ་ཚད་ལེན་ཚོད་ལྟའི་སྲུང་སྐར་གྱི་རྣམ་གྲངས་མཉམ་ལས་ཁྲོད་ཕན་འབྲས་གལ་ཆེན་ཐོན་པ་ནི་ཀྲུང་གོ་དང་དབྱི་ཐ་ལིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པ་དེས་རྒྱལ་ཁབ་གཉིས་པོས་འཇིག་རྟེན་འཕུར་སྐྱོད་ཀྱི་ལག་རྩལ་སྤྱད་དེ་ས་གོ་ལའི་གློག་ཁབ་ལེན་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ནུས་པ་དང་ཆུ་ཚད་ནུས་ལྡན་ངང་མཐོ་རུ་དང་། ས་ཡོམ་གྱི་སྔོན་ཚུད་ཉེན་བརྡ་གཏོང་བ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཐད་ནུས་པ་གལ་ཆེན་ཐོན་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་དབྱི་ཐ་ལིའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ས་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་གོ་དང་དབྱི་ཐ་ལིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་བས་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
        མ་ཐ་ལེ་ལ་ཡིས་རྟེན་འབྲེལ་གློག་འཕྲིན་ནང་། གློག་ཁབ་ལེན་གྱི་ལྟ་ཞིབ་ཚད་ལེན་ཚོད་ལྟའི་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ་ནི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་ཕྱོགས་གཉིས་པོའི་ཚན་ཞིབ་ཁྱབ་ཁོངས་ཁྲོད་ཀྱི་སྲ་ཞིང་བརྟན་པའི་རོགས་ཟླའི་འབྲེལ་བ་མཚོན་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།