མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་
འཐུས་མི་དང་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་04ཉིན། 11:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་2ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་འཐུས་མི་ཡོངས་དང་མཇལ་འཕྲད་གནང་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འཚོག་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་གནང་བ་དང་འཐུས་མི་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཡོངས་ལ་བླ་ན་མེད་པའི་འཚམས་འདྲི་གནང་བ་རེད།
         ཕྱི་དྲོའི་ཆུ་ཚོད་3དང་ཕྱེད་ཀ་ཡོལ་ཙམ་དུ་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད། ཞི་ཅིན་ཕིང་གིས་འཐུས་མི་ཚོར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་དགྱེས་ཚོར་ཆེན་པོས་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
         དྲག་ཆས་ཉེན་རྟོག་དཔུང་སྡེའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་ནི་ཏང་ཀྲུང་དབྱང་གིས་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགོ་ཁྲིད་ཀྱི་བཀོད་འདོམས་སྒྲིག་གཞི་ལེགས་སྒྲིག་བྱ་རྒྱུའི་གཏན་འཁེལ་བྱས་རྗེས་ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་འཚོགས་པ་ཞིག་རེད། ཚོགས་འདུའི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དཔུང་སྡེར་བཀའ་སློབ་གནང་བའི་བླང་བྱ་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ་དུས་རབས་གསར་པ་དང་། འགན་འཁྲི་གསར་པ། སྒྲིག་གཞི་གསར་པ་བཅས་དང་ཧུར་ཐག་འཚམ་པ་བྱས་ནས་ལས་དོན་ཕྱོགས་སྡོམ་དང་། དུས་བབ་དབྱེ་ཞིབ། ལས་འགན་བཀོད་སྒྲིག་བཅས་བྱས་ཏེ་རྒྱ་ཆེའི་དཔོན་དམག་སྐུལ་སློང་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་དེང་རབས་ཅན་གྱི་དྲག་ཆས་ཉེན་རྟོག་དཔུང་སྡེ་སྟོབས་ཆེན་ཞིག་ཧུར་ཐག་བསྐྲུན་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་དགོས་པ་དེ་རེད།