མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་བློ་མཐུན་རྒན་གྲས་ལ་དཔྱིད་གསར་གྱི་སྨོན་འདུན་ཞུས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་04ཉིན། 11:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་བློ་མཐུན་རྒན་གྲས་ལ་དཔྱིད་གསར་གྱི་སྨོན་འདུན་ཞུས་པ།

          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་2ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་ཞུ་བའི་དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་པེ་ཅིང་དུ་བྱས་པ་རེད།
         ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འདིར་བཞུགས་པའི་དམག་དཔུང་གི་བློ་མཐུན་རྒན་གྲས་དང་། དམག་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་དུས་ཆེན་གྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།
         ངར་ཤུགས་ལྡན་པའི་དམག་གླུས་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་ལ་བསྟོད། དམག་དཔུང་གིས་གཟི་རྔམ་ལྡན་པའི་ངང་དུས་རབས་གསར་པར་མདུན་སྐྱོད་བྱེད། ཀྲུང་གོ་གསར་པ་འཛུགས་པ་དང་། སྲུང་སྐྱོབ། འཛུགས་སྐྲུན་བཅས་དང་དེ་བཞིན་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ཀྱིས་ཀྲུང་གོ་ཟློས་གར་ཁང་དུ་དགའ་སྤྲོ་མཉམ་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་བསུས་པ་རེད།
          ཕྱི་དྲོའི་ཆུ་ཚོད་4པར་ཞི་ཅིན་ཕིང་བློ་མཐུན་རྒན་གྲས་ཀྱི་ཁྲོད་དུ་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད། ཞི་ཅིན་ཕིང་གིས་ཚང་མ་དང་ཕྱག་བཏང་གནང་སྟེ་བྱམས་བརྩེའི་ངང་ཁོང་ཚོའི་གཟུགས་པོ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་འབྲེལ་ཐུན་མོང་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་། རྒྱལ་ཁབ། དཔག་དཔུང་བཅས་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་ཕྱིར་དྲན་གནང་བ་རེད། བློ་མཐུན་རྒན་གྲས་རྣམས་སེམས་འགུལ་ཆེན་པོ་ཐེབས་བཞིན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་ལེན་བསྟར་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “སྲུང་སྐྱོང་གསུམ”གྱི་བསམ་བློ་རང་རྟོགས་ངང་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཡིད་ཆེས་ཀྱིས་ཁེངས་བཞིན་རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་དུས་རབས་གསར་པ་བསུ་རྒྱུ་ཡིན་ཞེས་ཚང་མས་མགྲིན་གཅིག་ཏུ་བརྗོད་པ་རེད།
          “ཀྲུང་གོའི་དུས་རབས་གསར་པར་ཁྱེད་ཀྱི་རྗེས་སུ་འབྲངས་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་བྱེད། ཀྲུང་གོའི་དུས་རབས་གསར་པར་ཁྱེད་ཀྱི་རྗེས་སུ་འབྲངས་ནས་འབྱུང་འགྱུར་གཏོད”ཅེས་པ་སོགས་མཉམ་སྒྲོག་རོལ་དབྱངས་དང་མཉམ་གཞས་《དཔའ་ངར་ཞུམ་མེད་ཀྱིས་དུས་རབས་གསར་པར་སྐྱོད་》ཅེས་པའི་བློ་སྟོབས་འཕེལ་ཞིང་དཔའ་ངར་ཆེ་བའི་རོལ་དབྱངས་ཀྱི་འགྱུར་ཁུག་ཁྲོད་འཁྲབ་སྟོན་འགོ་ཚུགས་པ་རེད། 《དམག་དཔུང་སྟོབས་ཆེར་གཏོང་བའི་གོམ་སྟབས་》དང་《ཁྲག་རྒྱུན་དམར་པོ》 《བརྗིད་ཉམས་ཆེན་པོས་རྒྱང་སྐྱོད་བྱེད་》ཅེས་པའི་རོལ་དབྱངས་ལེ་ཚན་གསུམ་ནང་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་། དམག་དཔུང་སྟོབས་ཆེར་གཏོང་བའི་ལས་འགན་ལྕི་པོ་ཁུར་བའི་བསམ་བློའི་ནང་དོན་ཁྱབ་པར་བྱས་ཏེ་རྣམ་པ་སྣ་ཚོགས་དང་གསོན་ཉམས་དང་འཁྲུག་ཆ་དོད་པའི་སྒྱུ་རྩལ་སྟབས་བདེ་རུ་ཁག་གི་ཉམས་འགྱུར་མངོན་པར་བྱས་ཡོད་པ་རེད། ཞབས་བྲོ་《དམག་སྒར་དུ་དཔྱིད་རླུང་ལྡང་》དང་། 《སྦྱོང་། སྦྱོང་། སྦྱོང་》ཞེས་པ་དང་། སྐྱེས་པའི་མཉམ་སྒྲིག་《ཝང་ཅེའི་མེ་མདའ་ང་ཚོས་འཁྱེར》 《ལི་སྨི་དོན་ལྔ་》ཞེས་པ། འཁྲབ་གཞས་《ཞུམ་མེད་ངང་མདུན་དུ་མཆོངས། ངས་རྒྱལ་ཁ་ལེན》ཞེས་པ་སོགས་ཀྱི་ལེ་ཚན་ལས་དཔའ་ངར་ཆེན་པོས་དམག་དཔུང་སྟོབས་ཆེར་གཏོང་བ་དང་གཡུལ་འགྱེད་གྲ་སྒྲིག་བྱེད་པའི་ཞུམ་མེད་རྣམ་པ་མངོན་པར་བྱས་ཡོད་ལ་དུས་རབས་གསར་པའི་གསར་བརྗེའི་དམག་མིས་དམག་སྦྱོང་ཧུར་ཐག་བྱེད་པ་དང་འཐབ་ན་རྒྱལ་ཁ་ལེན་ཐུབ་པའི་དམག་འཐབ་ཀྱི་ཉམས་འགྱུར་མཚོན་པར་བྱས་ཡོད་པ་རེད། གསར་དུ་ནང་སྦྱོང་བྱས་པའི་《ནན་ཧུའུ་ཡི་གྲུ་གཟིངས། ཏང་གི་འབྱུང་གནས་》ཞེས་པ་དང་། 《ནན་ཉིང་དབན》 《ཚ་ཁ་བསྡུར་ནས་ལོག་ཡོང་བ》 《རེ་བས་ཁེངས་པའི་ཞིང་སའི་ཐོག་》ཅེས་པ་སོགས་ཀྱི་ཕུལ་བྱུང་གླུ་གཞས་ལས་མི་རྣམས་ཀྱིས་སྤྲོ་སེམས་རབ་ཏུ་འཕེལ་བའི་ལོ་ཟླར་ཕྱིར་དྲན་ཐུབ་ནས་ཚུར་སྣང་གི་ལན་ཆ་ཆེན་པོ་བྱུང་བ་རེད།
         “མདུན་ནས་མདུན་དུ་བསྐྱོད། རྒྱལ་ཁ་ཐོབ་ངེས་ཀྱི་རྗེས་སུ་འབྲངས་ནས་དད་མོས་བྱེད། མདུན་ནས་མདུན་དུ་བསྐྱོད། རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད”ཅེས་པ་སོགས་དང་། མཉམ་གཞས་ཆེ་མོ་《སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བརྒྱད་》ཀྱི་གླུ་སྒྲའི་ཁྲོད་འཁྲབ་སྟོན་མཇུག་འགྲིལ་ནས་མི་དམངས་དམག་དཔུང་གིས་སྲོག་ཤིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པའི་འགྱུར་མེད་དད་སེམས་མཚོན་པར་བྱས་ཡོད་པ་རེད།