མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་གཉིས་པ་གོ་ལ་ཧྲིལ་
པོར་འགྲེམས་སྤེལ་བྱེད་ཚད་ཁྲི་1300ལྷག་ཙམ་ཟིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གོ་ཕྱི་རྒྱལ་ཡིག་རིགས་དཔེ་སྐྲུན་འགྲེམས་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའུ་ཚའེ་རུང་གིས་ཁུ་པར་ཀྲུང་གོའི་དཔེ་དེབ་ལྟེ་གནས་བཙུགས་པའི་མཛད་སྒོའི་ཐོག ཟླ་2ཚེས་2ཉིན་བར། ཀྲུང་དབྱང་དྲིལ་བསྒྲགས་པུས་(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་)ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གོ་ཕྱི་རྒྱལ་ཡིག་རིགས་དཔེ་སྐྲུན་འགྲེམས་སྤེལ་ཅུས་དང་མཉམ་དུ་རྩོམ་སྒྲིག་བྱས་པ་དང་། ཕྱི་རྒྱལ་ཡིག་རིགས་དཔེ་སྐྲུན་ཁང་གིས་ཡིག་སྒྱུར་དཔེ་སྐྲུན་བྱས་པའི་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་གཉིས་པའི་ཀྲུང་དབྱིན་ཡི་གེའི་པར་གཞི་གོ་ལ་ཧྲིལ་པོར་འགྲེམས་སྤེལ་བྱེད་ཚད་ཁྲི་1300ལྷག་ཙམ་ཟིན་ཡོད་ཅེས་བཤད་པ་རེད།
        《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་གཉིས་པ་2017ལོའི་ཟླ་11ཚེས་7ཉིན་འགྲེམས་སྤེལ་བྱས་ཚུན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་པ་དང་གོ་ལ་ཧྲིལ་པོར་ཚུར་སྣང་ལན་ཆ་ཟབ་མོ་བྱུང་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོའི་འགོ་ཁྲིད་མི་སྣའི་བརྩམས་ཆོས་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱེད་ཚད་ཀྱི་ཟིན་ཐོ་མཐོ་ཤོས་ཟམ་མི་ཆད་པར་བཏོད་ཡོད། དེབ་དེའི་རྒྱ་ཡིག་ཟོར་ལྕིའི་ཡི་གེ་དང་། ཧྥ་རན་སེ། སི་ཕེན། འཇར་མན། ཨུ་རུ་སུ། རི་པིན། ཨ་ཀེན་ཐིན། ཕོར་ཐིའུ་ཀལ་སོགས་ཀྱི་པར་གཞིའང་རྩོམ་སྒྲིག་ཡིག་སྒྱུར་བྱེད་བཞིན་ཡོད་པ་རེད། 2017ལོའི་ཟླ་11ཚེས་27ཉིན། ཕྱི་རྒྱལ་ཡིག་རིགས་དཔེ་སྐྲུན་འགྲེམས་སྤེལ་ཅུས་ཀྱིས་རྒྱལ་ཁབ་16གི་གྲགས་ཅན་དཔེ་སྐྲུན་སྒྲིག་གཞི་དང་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་གཉིས་པའི་རྒྱལ་སྤྱིའི་མཉམ་ལས་ཡིག་སྒྱུར་དཔེ་སྐྲུན་གྱི་བརྗེད་ཐོ་བཞག་པ་དང་། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་གཉིས་པའི་རྒྱལ་སྤྱིའི་མཉམ་ལས་ཡིག་སྒྱུར་དཔེ་སྐྲུན་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད།
         དེབ་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2014ལོའི་ཟླ་8ཚེས་18ཉིན་ནས་2017ལོའི་ཟླ་9ཚེས་29ཉིན་བར་གནང་བའི་གསུང་བཤད་དང་། གླེང་མོལ། གཏམ་བཤད། མཆན་འགོད་མཛུབ་སྟོན། རྟེན་འབྲེལ་གློག་འཕྲིན་སོགས་99བསྡུས་ཡོད་པ་དེ་དག་ཆེད་དོན་17ལ་དབྱེ་སྟེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་འཁྲིད་བྱས་ཏེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རླབས་ཆེན་གྱི་ལག་ལེན་གསོན་ཉམས་དོད་པོ་བཀོད་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་དགོངས་ཚུལ་དང་ནང་དོན་གཙོ་བོ་གཅིག་སྡུད་ཐོག་མཚོན་པ། ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཁྲོད་ལེགས་སྐྱེས་ཕུལ་བའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་གང་ལེགས་མངོན་ཡོད་པ་རེད།
         ཁུ་པའི་ཀྲུང་གོའི་དཔེ་དེབ་ལྟེ་གནས་ནི་ཀྲུང་གོ་ཕྱི་རྒྱལ་ཡིག་རིགས་དཔེ་སྐྲུན་འགྲེམས་སྤེལ་ཅུས་དང་ཁུ་པ་རྒྱལ་ཁབ་དཔེ་མཛོད་ཁང་གིས་ཐུན་མོང་ཐོག་བཙུགས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི། ཀྲུང་གོའི་བརྗོད་དོན་གཙོ་བོའི་དཔེ་དེབ་བརྒྱུད་ཁུ་པའི་ཀློག་པ་པོར་འབུར་དུ་ཐོན་པ་དང་། དངོས་ཡོད། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་ཞིག་སྟོན་ཐུབ་པ་བྱ་ཆེད་ཡིན། མཛད་སྒོའི་ཐོག་ཀྲུང་གོ་ཕྱི་རྒྱལ་ཡིག་རིགས་དཔེ་སྐྲུན་འགྲེམས་སྤེལ་ཅུས་ཀྱིས་ཁུ་པའི་ཀྲུང་གོའི་དཔེ་དེབ་ལྟེ་གནས་ལ་ཁག་དང་པོར 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་དང་པོ་དང་གཉིས་པ་དང་། དེ་བཞིན་《དབུལ་པོ་ལས་སྒྲོལ་བ་》སོགས་སྐད་རིགས་སྣ་མང་གི་དཔེ་དེབ་རིགས་300ལྷག་ཙམ་སྤྲད་ཡོད། དེ་ནི་ཀྲུང་གོ་ཕྱི་རྒྱལ་ཡིག་རིགས་དཔེ་སྐྲུན་འགྲེམས་སྤེལ་ཅུས་ཀྱིས་ལ་ཏིང་མེ་གླིང་ས་ཁུལ་དུ་བཙུགས་པའི་ཀྲུང་གོའི་དཔེ་དེབ་ལྟེ་གནས་གཉིས་པ་དེ་ཡིན་ལ། ཕོ་ལན་དང་། ཐེ་ལན། ནེ་པ་ལ། སུའེ་ཙེར། ཕེ་རུ་བཅས་རྗེས་ཀྱི་གོ་ལ་ཧྲིལ་པོའི་ཀྲུང་གོའི་དཔེ་དེབ་ལྟེ་གནས་དྲུག་པ་དེའང་ཡིན་པ་རེད།