མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་
ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 16:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་གིས་པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པར་འཚམས་འདྲི་ཞུས་ནས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣར་དཔྱིད་གསར་གྱི་སྨོན་འདུན་ཞུས་ཤིང་། ཁོང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣའམ་དད་ལྡན་མང་ཚོགས་དང་མཐུན་སྒྲིལ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
         དབང་དབྱང་གིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་། ཀྲུང་གོ་ཏའོ་ཅའོ་མཐུན་ཚོགས། ཀྲུང་གོ་དབྱི་སི་ལམ་མཐུན་ཚོགས། དེ་བཞིན་ཀྲུང་གོ་གནམ་བདག་ཆོས་ལུགས་ཀྱི་རྒྱལ་གཅེས་ཚོགས་པ་དང་། ཆོས་དཔོན་རྒན་པའི་ཚོགས་པ་སོགས་པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པར་འཚམས་འདྲི་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་ཀྱི་བྱེད་ཕྱོགས་སྲིད་ཇུས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་ཆོས་དད་རང་མོས་ལ་བརྩི་འཇོག་དང་སྲུང་སྐྱོང་གང་ལེགས་བྱེད་པ་དང་། ཆོས་ལུགས་ལས་ཀའི་དོ་དམ་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་གཅེས་ཆོས་ལུགས་ཚོགས་པས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བཅས་བྱས་ནས་ཆོས་ལུགས་ལས་དོན་ལ་རྒྱུན་ཆད་མེད་པར་གསར་གཏོད་དང་སྐུལ་འདེད་བཏང་ཡོད། ཆོས་ལུགས་ཚོགས་པ་ཁག་གིས་སྦྲེལ་ཟམ་དང་སྒྲོག་ཐག་གི་ནུས་པ་འདོན་སྤེལ་གྱིས་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན། སྤྱི་ཕན་དགེ་སྒྲུབ་ལ་ཞུགས་པ། ཕྱི་ཕྱོགས་ལ་འགྲོ་འོང་བྱེད་པ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད། དོན་དངོས་ལས་ར་སྤྲོད་གང་ལེགས་བྱས་པར། ཆོས་ལུགས་ལས་རིགས་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་བསྐྲུན་པའི་སྟོབས་ཤུགས་ནུས་ལྡན་ཞིག་རེད་ཅེས་མཛུབ་སྟོན་གནང་བ་རེད།
        དབང་དབྱང་གིས་འདི་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་ཚུགས་ཀྱི་ལོ་ཞིག་རེད། ཆོས་ལུགས་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་དང་གསར་དུ་བཟོ་བཅོས་བརྒྱབ་པའི་《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་》ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། བསྟན་དོན་དང་འདུལ་ཁྲིམས་ཀྱི་དུས་རབས་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྔོག་འདོན་གཏིང་ཟབ་བཅས་བྱས་ནས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཚོར་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པར་སྣེ་ཁྲིད་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆོས་ལུགས་ཚོགས་པ་འཛུགས་སྐྱོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣར་དོན་དངོས་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།