མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་བཞུགས་མོལ་གནང་བ་དང་འབྲེལ་གསུང་བཤད་གལ་
ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 16:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་བཞུགས་མོལ་གནང་བ་དང་འབྲེལ་གསུང་བཤད་གལ་
ཆེན་ཡང་གནང་བ།

         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་ཏེ། ཟླ་2ཚེས་6ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་དང་བཞུགས་མོལ་གནང་བ་དང་ཆབས་ཅིག་ལྷན་དུ་དཔྱིད་གསར་བསུས་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་གསར་དུ་བདམས་ཐོན་བྱུང་བའི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་དང་། དེ་བཞིན་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མིར་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་ཤིང་། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་ཏང་མང་མཉམ་ལས་ཐད་རྣམ་པ་གསར་པ་ཡོད་པ་དང་། བསམ་བློའི་ཐད་ངོས་འཛིན་གསར་པ་ཡོད་པ། འགན་འཁྲི་སྒྲུབ་པའི་ཐད་བྱ་སྤྱོད་གསར་པ་ཡོད་པ། སྲིད་ཞུགས་ཏང་ལ་བྱ་ཐབས་གསར་པ་ཡོད་པ་བཅས་བྱས་ནས་རྒྱ་ཆེའི་ཁོངས་མིར་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལ་མོས་སེམས་བྱ་ཤུགས་ཆེ་རུ་བཏང་སྟེ་དུས་རབས་གསར་པར་ཏང་མང་མཉམ་ལས་ཐད་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དབང་དབྱང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
         ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཀྲུང་གོ་བཟོ་ཞིང་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཀང་། དགུ་གསུམ་ཤེས་རིག་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་བཅས་སོ་སོས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས་ཀྲུང་གུང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཤུགས་ཆེའི་རྒྱབ་སྐྱོར་འོག དམངས་གཙོ་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་བདེ་བླག་ངང་འཚོགས་པ་དང་། སྐབས་བརྗེའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱུང་བའི་ལས་ཀའི་གནས་ཚུལ་དང་། དེ་བཞིན་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞི་ངོ་སྤྲོད་ཞུས་པ་རེད། ད་དུང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཀུའོ་ལེས་ཀྱང་གཏམ་བཤད་སྤེལ་བ་རེད། ཁོང་ཚོས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཆབ་སྲིད་རྩིས་སྤྲོད་རྩིས་ལེན་གཏིང་ཟབ་བྱེད་པ་དང་། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམིགས་པ། ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱེད་པ། འགན་འཁྲི་གཙང་སྒྲུབ་ཧུར་ཐག་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ལེན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཉིན་ཁ་ཤས་སོང་རྗེས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་འཆར་རྒྱུ་རེད། ང་ཚོས་འདི་གར་གྲོགས་པོ་གསར་རྙིང་དང་དགའ་སྤྲོ་ལྷན་འཛོམས་ཀྱིས་མཛའ་གཅུགས་སྐོར་གླེང་ནས་དཔྱིད་གསར་བསུས་པས་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། 2017ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ནང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་ཞིག་རེད་ལ། ཏང་མང་མཉམ་ལས་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་ཐོབ་པའི་ལོ་ཞིག་ཀྱང་རེད། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱས་ཏེ་སེམས་ནུས་གཅིག་སྒྲིལ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཚང་མས“‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ”དང“དངོས་ཚན་དཔལ་འབྱོར་དར་རྒྱས་ཤུགས་ཆེན་དང་ཆུ་ཚད་མཐོ་རུ་གཏོང་བ”སོགས་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཐབས་དང་ཇུས་ཧུར་ཐག་འདོན་པ། བསམ་འཆར་དང་གྲོས་འགོ་ཁག་150ལྷག་ཙམ་འདོན་པ་བཅས་བྱས་ནས་ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ངང་ཐབས་ཇུས་འདིང་བ་དང་སྲིད་ཇུས་ལག་བསྟར་ནུས་ལྡན་བྱ་ཆེད་དཔྱད་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། བློ་མཐུན་ཚོས་དབུལ་སྒྲོལ་འགག་སྒྲོལ་ལ་དམངས་གཙོའི་ལྟ་སྐུལ་གཏིང་ཟབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྲུབ་འབྲས་ཐོབ་པའི་ངང་འཚོགས་ནས་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་སྒྲིག་གཞི་འདེམས་བསྐོ་བྱས་ཏེ་ཏང་མང་མཉམ་ལས་ཀྱི་བྱ་གཞག་ཡུན་རིང་འཕེལ་རྒྱས་ཡོང་ཆེད་གསོན་ཤུགས་གསར་པ་བསྣན་ཡོད།
         ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། 2018ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་འགོ་ཚུགས་ལོ་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་ཕྱི་མཐུད་ཀྱི་འགག་རྩའི་ལོ་ཞིག་རེད། ང་ཚོས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། གོམ་སྟབས་རེ་རེ་བཞིན་བརྟན་པོ་སྤོ་བ་བཅས་བྱས་ཏེ་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས། ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་སྤྱོད་དངོས་ལ་བརྟེན་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུས་ཏེ་སྒྱུར་བཅོས་སྒོ་དབྱེའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་ཞུམ་མེད་མདུན་སྐྱོད་བྱེད་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་རེད་ལ། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེའང་རེད། དེས་ན་ཚང་མས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བྱེད་པ་བཅས་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་དགོས། “མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་ལག་གདང་སྦྲེལ་ཏེ་མདུན་དུ་སྐྱོད་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ནན་ཏན་སྤེལ་ནས་ཀྲུང་གུང་ཀྲུང་དབྱང་གིས“ལྔ་གཅིག་གི་འབོད་ཚིག”ཁྱབ་བསྒྲགས་བྱས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཏེ་ཏང་མང་མཉམ་ལས་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་པ་དང་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས།
        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་ཏང་མང་མཉམ་ལས་ཀྱིས་ནུས་པ་དེ་བས་ལེགས་པ་འདོན་སྤེལ་བྱ་ཆེད་ཡངས་ཤིང་རྒྱ་ཆེ་བའི་ལས་སྟེགས་བཏོད་ཡོད། ཚང་མས་འགན་སྒྲུབ་བསམ་བློ་དང་གཙོ་གནད་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ནང་འགན་འཁྲི་གཙང་སྒྲུབ་བྱེད་པའི་འགོ་འཛུགས་ས་འཚོལ་ཞིབ་བྱས་ནས་ཉེན་ཁ་གལ་ཆེན་སྔོན་འགོག་དང་སེལ་བ་དང་། གནད་སྨིན་དབུལ་སྐྱོར། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་དམ་པོར་དམིགས་པ་དང་། འཐབ་ཕྱོགས་དང་པོར་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ། ལྟ་བ་ཡང་དག་འདོན་པ་བཅས་བྱས་ནས་ཀྲུང་གུང་ཀྲུང་དབྱང་གིས་ཐབས་ཇུས་འདིང་རྒྱུར་དཔྱད་གཞི་མཁོ་འདོན་བྱེད་དགོས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་བླང་བྱ་གཞིར་བཟུང་། དབུལ་སྒྲོལ་འགག་སྒྲོལ་ལ་དམངས་གཙོའི་ལྟ་སྐུལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཕྱིར་ལེགས་སྐྱེས་འབུལ་དགོས། རྒྱ་ཆེའི་ཁོངས་མི་ཚོས་སྒྱུར་བཅོས་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་སྣ་ཚོགས་ལ་ངོས་འཛིན་ཡང་དག་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། འགལ་ཟླ་སེལ་བའི་ལས་དོན་ལེགས་པར་སྒྲུབ་རྒྱུར་གཞོགས་འདེགས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་དམངས་དུང་ཕྱུར་13ལྷག་ཙམ་ཡོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་པོར་འགོ་ཁྲིད་བྱེད་པར་ཀྲུང་གོ་གུང་ཁྲན་ཏང་ལ་ཆབ་སྲིད་ཐད་ཉམས་ཟད་ཐེག་ཐུབ་པ་དགོས་ལ་འཇོན་ཐང་ཧ་ཅང་ཆེན་པོ་ཡོད་དགོས། སྲིད་འཛིན་འཇོན་ཐང་ཆེ་རུ་གཏོང་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རང་ངོས་འཛུགས་སྐྱོང་གི་ཕྱོགས་གལ་ཆེན་ཞིག་རེད། བློ་མཐུན་ཚོས་སྲིད་ཞུགས་ལས་དོན་ལེགས་པར་སྒྲུབ་དགོས་ལ་འཇོན་ཐང་ཡང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།