མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱིས་ཕྱོགས་གཉིས་པོའི་མཉམ་ལས་
སྤེལ་རེས་ལོའི་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་09ཉིན། 16:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱིས་ཕྱོགས་གཉིས་པོའི་མཉམ་ལས་སྤེལ་རེས་ལོའི་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྤྲིངས་པ་རེད།
         ཞི་ཅིན་ཕིང་གི་ཤིས་ཚིག་ནང་། ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་ནི་རི་ཆུ་འབྲེལ་བའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་མི་རབས་ནས་མི་རབས་བར་ས་མཚམས་འབྲེལ་ནས་ཡོད་པས་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ས་གནས་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་གཉིས་ཁེ་མཉམ་ལས་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཕྲན་དང་ཙུང་ཐུང་ཕུའུ་ཅིང་གིས་2018ལོ་དང་2019ལོ་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ས་གནས་མཉམ་ལས་སྤེལ་རེས་ལོར་གཏན་འཁེལ་བྱས་པས། བྱེད་སྒོ་གལ་ཆེན་དེས་རྒྱལ་ཁབ་གཉིས་པོའི་ས་གནས་མཉམ་ལས་ཀྱི་སྤྲོ་སེམས་ཆེན་པོ་འཕེལ་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ས་གནས་དང་། ཁེ་ལས། དམངས་ཚོགས་བཅས་དེ་བས་མང་བ་ཕྱོགས་གཉིས་པོའི་མཛའ་གྲོགས་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཀྱི་བྱ་གཞག་ནང་ཞུགས་རྒྱུར་སྐུལ་ཁྲིད་ཐུབ་སྟེ་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་དེ་བས་ཆེ་བ་མཁོ་འདོན་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་འཁོད་ཡོད་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀ་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་གྱི་དུས་རིམ་གལ་ཆེན་དུ་སླེབས་པ་དང་འཕེལ་རྒྱས་ཀྱི་འཆར་གཞི་ཧ་ཅང་འཚམ་པོ་ཡོད་པས། ས་ཁུལ་གྱི་མཉམ་ལས་ལ་མདུན་ལམ་ཧ་ཅང་ཆེན་པོ་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་ས་གནས་ཁག་གིས་མཉམ་ལས་ཧུར་ཐག་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཕྱོགས་གཉིས་པོའི་ས་གནས་མཉམ་ལས་སྤེལ་རེས་ལོ་ཉིད་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་པ་བྱས་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
         ཕུའུ་ཅིང་གི་ཤིས་ཚིག་ནང་། ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མགྱོགས་མྱུར་མདུན་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཁྱབ་ཁོངས་རྒྱུན་མཐུད་ངང་ཆེ་རུ་དང་མཉམ་ལས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད། ས་གནས་ཀྱི་མཉམ་ལས་ནི་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་རེད། ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་ས་གནས་མཉམ་ལས་སྤེལ་རེས་ལོའི་གཞི་ཁྱོན་ཆེ་བའི་བྱེད་སྒོ་འདི་ནི་ཕྱོགས་གཉིས་པོས་རྒྱལ་ཁབ་ཀྱི་བརྗོད་དོན་གཙོ་བོའི་ལོའི་ཕན་ཚུན་དབར་སྲོལ་རྒྱུན་རྒྱུན་མཐུད་བྱས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་བྱེད་པོ་ཁག་དང་ཀྲུང་གོའི་ས་གནས་ཁག་གི་འབྲེལ་བ་ཟབ་ཏུ་དང་གཉིས་ཁེ་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་ཡིན། ཕྱོགས་གཉིས་པོས་ས་གནས་མཉམ་ལས་སྤེལ་རེས་ལོའི་སྒྲོམ་གཞིའི་ནང་བྱེད་སྒོ་བརྒྱ་གྲངས་སྤེལ་རྒྱུ་ཡིན་པའི་གྲས་སུ། མ་འཇོག་གི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་དང་། ཚོང་དོན་དང་། བཟོ་ལས། ཞིང་ལས་བཅས་ཀྱི་འགྲེམས་སྟོན་ཚོགས་འདུ། བགྲོ་གླེང་ཚོགས་འདུ། སྒྱུ་རྩལ་དུས་ཆེན། ཚོགས་པ་དང་ཚོགས་ཆུང་འཚམས་འདྲི་བྱེད་རེས་སོགས་ཚུད་ཡོད་ཅེས་འཁོད་ཡོད་པ་རེད།