མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དབར་
ལོ་གསར་གྱི་ཤིས་ཚིག་བསྒྲོན་རེས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་10ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་8ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དབར་ལོ་གསར་གྱི་ཤིས་ཚིག་བསྒྲོན་རེས་གནང་བ་རེད།
         ཞི་ཅིན་ཕིང་གི་ཤིས་ཚིག་ནང་། ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་མཚམས་སུ་ངས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་རྒྱུ་དང་སྦྲགས། ང་རང་སྒེར་གྱི་མིང་ཐོག་ནས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་སྐུ་ཉིད་བརྒྱུད་ཝེ་ཐེ་ནམ་གུང་ཁྲན་ཏང་དང་ཝེ་ཐེ་ནམ་གྱི་མི་དམངས་ལ་ལྷག་བསམ་ཟོལ་མེད་ངང་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་འདས་ཟིན་པའི་2017ལོ་ནི་ཀྲུང་ཝེའི་འབྲེལ་བ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་རེད། ང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་སླར་ཡང་ལོ་རྒྱུས་རང་བཞིན་གྱི་ཕན་ཚུན་འཚམས་འདྲི་བྱས་ནས་ང་ཚོའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་དེ་རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཉམ་ལས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་སུ་གྱུར་ཡོད། 2017ལོར་ཀྲུང་ཝེའི“རྒྱུད་གཅིག་ལམ་གཅིག”དང“ཁྱམས་རིང་གཉིས་དང་གླིང་གཅིག”གི་འཐབ་ཇུས་སྦྲེལ་མཐུད་ཐད་གོམ་སྟབས་གལ་ཆེན་སྤོས་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་1000ཡི་དམིགས་ཚད་མངོན་འགྱུར་བྱུང་བ། མི་སྣ་འགྲོ་འོང་མི་ཐེངས་ཁྲི་1000ཙམ་བྱས་པ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཁྲོད་ནས་ཐོབ་ཚོར་དེ་བས་མང་བ་ཐོབ་པ་བཅས་རེད་ཅེས་འཁོད་ཡོད།
         ཞི་ཅིན་ཕིང་གིས་2018ལོ་ནི་ཀྲུང་ཝེའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་པའི་ལོ་ཐེངས་བཅུ་པ་དེ་ཡིན། མ་འོངས་ལ་རྒྱང་ལྟ་བྱེད་སྐབས་ཀྲུང་གོ་གུང་ཁྲན་ཏང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་དང་མཉམ་དུ་ཀྲུང་ཝེ་འབྲེལ་བའི་འཕེལ་རྒྱས་ཀྱི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ། ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཝེ་འབྲེལ་བའི་འཕེལ་རྒྱས་ཀྱི་ཁྱབ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྔར་ལས་ལེགས་པའི་སྒོ་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་འཚོ་བ་གཏོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ། མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་གྱི་བྱ་གཞག་བཅས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་འདོད་ཡོད། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དང་ལྷག་དོན་དུ་ཆེས་མཐོའི་འགོ་ཁྲིད་མི་སྣ་རྒྱུན་དུ་འབྲེལ་བ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པས། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་འཐབ་ཇུས་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་རྒྱུ་རེད། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་འབྲེལ་བ་ཟབ་མོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་ཝེའི་འབྲེལ་བ་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་བ་དང་ཡག་ཐོག་ཡག་བརྩེགས་ཡོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         རོན་ཧྥུའུ་ཀྲུང་གི་ཤིས་ཚིག་ནང་། ཝེ་ཀྲུང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་ས་ཁྱི་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་མཚམས་སུ་ངས་ཝེ་ཐེ་ནམ་གྱི་ཏང་དང་མི་དམངས་ཀྱི་ཚབ་ཞུས་ནས་སྐུ་ཉིད་དང་སྐུ་ཉིད་བརྒྱུད་ནས་ཀྲུང་གོའི་ཏང་དང་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས་ན་ནིང་ཝེ་ཀྲུང་འབྲེལ་བ་བཟང་པོའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱུང་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་མི་སྣ་ཕན་ཚུན་འཚམས་འདྲི་བྱ་རྒྱུ་མངོན་འགྱུར་བྱུང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཕེལ་རིམ་བཟང་པོ་བྱུང་ཡོད། 2018ལོ་ནི་ཝེ་ཀྲུང་འབྲེལ་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་རེད། ངའི་རེ་བར་སྐུ་ཉིད་དང་ལྷན་དུ་རིམ་པ་ཁག་དང་སྡེ་ཚན་ཁག་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ད་ཡོད་ཀྱི་མཉམ་ལས་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་ཆབ་སྲིད་ཐད་ཡིད་ཆེས་བྱེད་རེས་སྔར་བས་ཆེ་རུ་གཏོང་བ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་དང་སྤུས་ཚད་མཐོ་རུ་བཏང་སྟེ་ཝེ་ཀྲུང་གི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ལེགས་པའི་ཕྱོགས་སུ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་འཁོད་ཡོད་པ་རེད།