མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་འཆར་ཉེའི་སྐབས་སུ་སི་ཁྲོན་དུ་བཅའ་སྡོད་དཔུང་སྡེའི་
རྟེན་གཞི་ཞིག་ཏུ་རྟོག་ཞིབ་གནང་བ་དང་དཔོན་དམག་ཚོར་གཟིགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་14ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་འཆར་ཉེའི་སྐབས་སུ་སི་ཁྲོན་དུ་བཅའ་སྡོད་དཔུང་སྡེའི་
རྟེན་གཞི་ཞིག་ཏུ་རྟོག་ཞིབ་གནང་བ་དང་དཔོན་དམག་ཚོར་གཟིགས་པ།

          མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་10ཉིན་སི་ཁྲོན་དུ་བཅའ་སྡོད་དཔུང་སྡེའི་རྟེན་གཞི་ཞིག་ཏུ་ཕེབས་ནས་འཕེན་གཏོང་བྱ་ཡུལ་དང་ལག་རྩལ་བཟོ་གྲྭར་དཔུང་སྡེའི་དཔོན་དམག་ལ་གཟིགས་པ་མ་ཟད་འཚམས་འདྲིའང་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་ནན་ཏན་གྱིས་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་སྐོར་གྱི་དུས་རབས་གསར་པའི་ཏང་གི་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་མཐའ་འཁྱོངས་བྱེད་པ། གཡུལ་གཤོམ་གཡུལ་འགྱེད་ལ་དམིགས་པ། གསར་གཏོད་འཕེལ་རྒྱས་མྱུར་དུ་གཏོང་བ། འགན་འཁྲི་དང་ལས་འགན་སྒྲུབ་པའི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་དུས་རབས་གསར་པར་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་སྐོར་གྱི་ཏང་གི་དམིགས་ཚད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
         ཟླ་2པའི་སི་ཁྲོན་གྱི་རི་ཀླུང་སྔོ་ལ་ཆུ་མོ་དྭངས་ཤིང་། རླུང་བུ་འཇམ་པ་མ་ཟད་གང་སར་དཔྱིད་དཔལ་རབ་ཏུ་བཞད་པའི་སྣང་བ་ཞིག་ངམ་ངམ་ཤུགས་ཀྱིས་སྟེར། ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ་ཞི་ཅིན་ཕིང་རྟེན་གཞི་ཞིག་གི་འཕེན་གཏོང་ར་བར་ཕེབས་པ་དང་། ཁོང་རླངས་འཁོར་ལས་བབས་མ་ཐག་འཕྲལ་དུ་འཕེན་གཏོང་བྱ་ཡུལ་དུ་ཆིབས་སྒྱུར་གནང་། འཕེན་གཏོང་ལྕགས་སྒྲོམ་འགྱིང་ངེར་གནས་པ་དང་ཧ་ཅང་བརྗིད་ཉམས་ལྡན་པ་ཞིག་ཡོད་ཅིང་། ཞི་ཅིན་ཕིང་གིས་ངོ་སྤྲོད་གསན་ཀྱིན་དུ་འཕེན་གཏོང་ར་བའི་གསལ་བཀྲོལ་རི་མོར་གཟིགས་པ་དང་། འཕེན་གཏོང་ར་བའི་གྲུབ་ཚུལ་ནུས་པར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད་འབྲེལ་ཡོད་ཀྱི་གནད་དོན་བཀའ་འདྲི་ཡང་སེ་གནང་། ལས་དོན་མི་སྣས་འཕེན་གཏོང་བྱ་ཡུལ་གསུམ་པའི་ནུས་པ་འཛོམས་པོ་ཡོད་པས་རིགས་མི་འདྲ་བའི་མེ་ཤུགས་འཕུར་མདའ་དང་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་མང་པོ་འཕེན་གཏོང་བྱེད་ཆོག་པ་དང་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ལོ་རྒྱུས་ཐོག་ཨང་དང་པོ་མང་པོ་བཏོད་ཡོད་ཅེས་ངོ་སྤྲོད་བྱས་པར། ཞི་ཅིན་ཕིང་གིས་དབུ་ལྕོག་ལྕོག་ངང་བསྔགས་བརྗོད་གནང་། དེ་ནས་མི་རིང་བའི་སར་ཡོད་པའི་འཕེན་གཏོང་བྱ་ཡུལ་གཉིས་པར་འཕེན་གཏོང་ལས་འགན་བཅུ་གྲངས་ཁ་ཤས་བསྒྲུབས་ཟིན་པ་དང་། འཆར་གཞི་བྱས་ན་ཉེ་དུས་བྱང་སྐར་སྤུན་བདུན་ཨང་གསུམ་པའི་སྲུང་སྐར་འཕེན་གཏོང་བྱ་རྒྱུ་ཡིན་པ་རེད།
         བཀོད་འདོམས་ཚོམས་ཆེན་ནང་། རྟེན་གཞི་དེའི་དཔོན་དམག་རྣམས་ཛ་དྲག་ལ་གོ་རིམ་ལྡན་པའི་ངང་བྲེལ་བཞིན་ཡོད་ཅིང་། ཞི་ཅིན་ཕིང་གིས་བྱང་སྐར་སྤུན་བདུན་ཨང་གསུམ་པའི་སྲུང་སྐར་འཕེན་གཏོང་ལས་འགན་གྱི་གྲ་སྒྲིག་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་ནས་ཆེད་མངགས་དེ་གར་ཚང་མར་གཟིགས་པར་ཕེབས། ཀྲུའུ་ཞི་ཞི་ཅིན་ཕིང་ཕེབས་པ་མཐོང་འཕྲལ། ཚང་མར་སེམས་འགུལ་ཆེན་པོ་ཐེབས་ནས་ཡར་ལངས་ཏེ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་འཕེན་གཏོང་བྱ་ཡུལ་གྱི་དཔོན་དམག་རེ་རེ་བཞིན་དང་ཕྱག་བཏང་གནང་བ་དང་། ཚན་རྩལ་མི་སྣ་དང་བྱམས་བརྩེའི་བཀའ་མོལ་གནང་སྟེ་བློ་མཐུན་ཚང་མའི་ཚན་ཞིབ་ལས་དོན་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་། ཚང་མས་རི་སུལ་དུ་གནས་བཅས་ཏེ་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་ལེགས་སྐྱེས་ཕུལ་བ་དང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་མང་པོ་ཐོབ་པ་གསན་སྐབས་ཞི་ཅིན་ཕིང་གི་སྤྱན་ཟུང་ལས་བསྔགས་བརྗོད་དང་གདེང་འཇོག་གི་རྣམ་འགྱུར་མངོན། ཞི་ཅིན་ཕིང་གིས་སྲུང་སྐར་འཕེན་གཏོང་གི་གྲ་སྒྲིག་ལས་དོན་མཁྱེན་རྟོགས་གནང་རྗེས་ཚང་མར་ཡག་ཐོག་ཡག་བརྩེགས་ཀྱི་ལས་ཀའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ཏེ་འཕྱུགས་པ་མེད་པ་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།
         དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བས་ཞི་ཅིན་ཕིང་གིས་གཞི་རིམ་གྱི་དཔོན་དམག་ཚོར་ཐུགས་ཁྲལ་ཆེན་པོ་གནང་ཞིང་། ཁོང་གིས་ཆེད་མངགས་བརྙན་ལམ་བརྒྱུད་དཔུང་སྡེར་འཚམས་འདྲི་གནང་བ་མ་ཟད། དཔོན་དམག་ཚོ་དང་ཁོང་ཚོའི་ནང་མིར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ་རེད། བྲག་གླེའི་ལྡེབས་སུ་མཚོ་མོའི་ཤུགས་ལས་རྦ་རླབས་ཆལ་ཆིལ་དུ་འཕྱུར་ཞིང་། ཞི་ཅིན་ཕིང་གིས་ཤིས་ཧྲ་གླིང་ཚོམ་གྱི་ཚད་ལེན་ཚོད་འཛིན་བྱ་ཡུལ་ཞིག་གི་དཔོན་དམག་ཚོར་ཞལ་པར་བསྐྱོན་ནས་མཚོ་ཐོག་གླིང་ཕྲན་གྱི་ཁོར་ཡུག་ལ་འཕྲོད་པོ་འདུག་གམ། ལོ་གསར་ལ་གྲ་སྒྲིག་གང་འདྲ་བྱས་ཡོད་དམ་ཞེས་པ་ལ་སོགས་པའི་བཀའ་འདྲི་ཞིབ་ཕྲ་གནང་། གླིང་ཕྲན་ཐོག་གི་བཅའ་སྲུང་ཆ་རྐྱེན་ཅུང་འཐུས་སྒོ་ཚང་བ་དང་། དཔྱིད་གསར་དུས་ཆེན་རིང་ཤ་མོག་བཟོ་བ་དང་། གླུ་གཞས་གཏོང་བ། མིག་མངས་རྒྱག་པ། སྤོ་ལོ་རྒྱག་པ་སོགས་ཀྱི་འགྲན་བསྡུར་གྲ་སྒྲིག་བྱས་ཡོད་པ་མཁྱེན་རྗེས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་དུས་ཆེན་རིང་འཐབ་འཛིང་པའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ནས་ཚང་མར་དགའ་སྤྲོ་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བ་བྱེད་དགོས་པའི་བཀའ་མངགས་གནང་། པིན་ཧའེ་ཁུལ་གསར་གྱི་འཕེན་གཏོང་ཚོད་ལྟའི་ས་ཚིགས་ཤིག་ཏུ་གྲང་རླུང་འུར་འུར་དུ་ལྡང་ནའང་དཔུང་སྡེའི་དཔོན་དམག་ཚོས་སྙིང་སྟོབས་ཆེར་སྐྱེད་ཀྱིས་འཕེན་གཏོང་ལྕགས་སྒྲོམ་འོག་ཏུ་རུ་སྟར་སྒྲིག་ནས་བརྙན་ལམ་བརྒྱུད་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལོ་གསར་གྱི་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་ཁོང་ཚོར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། ཁོང་ཚོར་ཕྲག་ཐོག་ཏུ་འཁུར་བའི་འགན་འཁྲི་མ་བརྗེད་པར་བློ་ཐག་ཆོད་པོས་སྒྱུར་བཅོས་གསར་གཏོད་བྱས་ནས་གྲུབ་འབྲས་དེ་བས་ཆེ་བ་ལེན་དགོས་པའི་སྐུལ་ལྕག་གནང་བ་རེད།
          བཀོད་འདོམས་ཚོམས་ཆེན་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་ལག་རྩལ་བཟོ་གྲྭ་ཞིག་ཏུ་ཕེབས་ཏེ་འགྲེམས་པང་ཐོག་ནས་རྟེན་གཞིའི་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་རྟེན་གཞི་དེས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་གིས་རྟེན་གཞིའི་ཁོངས་གཏོགས་ཀྱི་འབྲེལ་ཡོད་དཔུང་སྡེའི་མདའ་ཤོག་གཞོན་པ་རིམ་པ་ཡན་གྱི་ལས་བྱེད་པར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་འཇིག་རྟེན་འཕུར་སྐྱོད་ལས་ལ་གཞོལ་ཏེ་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་བསམ་བརྟན་དུ་གཏོང་བ་དང་། འཇིག་རྟེན་འཕུར་སྐྱོད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་དད་སེམས་བརྟན་དུ་གཏོང་བ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ངོ་མཚར་དེ་བས་མང་བ་གཏོད་དགོས། རྒྱལ་ཁ་ལེན་པའི་འཇོན་ཐང་ཆེ་རུ་བཏང་ནས་དངོས་འཐབ་རྣམ་པའི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ནན་པོ་བྱེད་པ་དང་། གཡུལ་ཐབས་སྦྱོང་ཐབས་ཞིབ་འཇུག་དང་འཚོལ་ཞིབ་བྱེད་ཟབ་ཏུ་གཏོང་བ། འཇིག་རྟེན་འཕུར་སྐྱོད་ཀྱི་འཕེན་གཏོང་དང་གཡུལ་འགྱེད་འཇོན་ཐང་ཆེ་རུ་གཏོང་བ། དམག་ཡོངས་མཉམ་འབྲེལ་གཡུལ་འགྱེད་མ་ལག་ནང་མཉམ་འདྲེས་བྱས་ཏེ་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་འཛུགས་སྐྱོང་དང་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱེད་དགོས། སྒྱུར་བཅོས་གསར་གཏོད་བྱ་ཤུགས་ཆེ་རུ་བཏང་ནས་རིགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཐབ་ནུས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ལྟེ་བ་དང་འགག་རྩའི་ལག་རྩལ་གྱི་འགག་གནད་སྒྲོལ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་དབང་ཆ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས། ཆབ་སྲིད་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། གཞི་རིམ་ལ་དམ་འཛིན་གྱིས་རྨང་གཞི་འདིང་བའི་ལས་དོན་ཡག་པོ་སྒྲུབ་པ། དཔུང་སྡེར་ཕྱོགས་ཡོངས་ནས་སློབ་གསོ་དང་དོ་དམ་ནན་པོ་བྱེད་པ་བཅས་བྱས་ཏེ་དཔུང་སྡེ་འདི་ཉིད་མཐའ་གཅིག་ཏུ་ལྷག་བསམ་ཟོལ་མེད་ཡིན་པ་དང་། མཐའ་གཅིག་ཏུ་དྭངས་གཙང་ཡིན་པ། མཐའ་གཅིག་ཏུ་བློས་འགེལ་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།