མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་སྐབས་བཅུ་དགུ་པའི་ཀྲུང་ཨུ་
ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་རྒྱུའི་གཏན་འཁེལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་26ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་24ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཚོགས་འདུ་འཚོགས་ནས་འདི་ལོའི་ཟླ་2ཚེས་26ནས་28ཉིན་བར་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོག་རྒྱུའི་གཏན་འཁེལ་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་གནང་རྒྱུའི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་བྱས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་》ཀྱི་མ་ཟིན་ལ་ཏང་ཕྱི་ནང་དུ་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་། 《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞིའི་》མ་ཟིན་ལ་གྲོས་བསྡུར་གནང་བ། ད་ཐེངས་ཀྱི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པའི་བསམ་འཆར་གཞིར་བཟུང་བཟོ་བཅོས་བརྒྱབ་རྗེས་ཡིག་ཆའི་མ་ཟིན་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།
          ཚོགས་འདུའི་ཐོག་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འགན་ལེན་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་འཕེལ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད་ཅེས་གསལ་པོ་བཏོན་ཡོད། ང་ཚོས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་ཀྱི་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་བླང་བྱ་དང་འཚམ་པ་བྱས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བ། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཁག་གཅིག་དང་འགག་རྩའི་ལྷུ་ཚིགས་ལ་འཕེལ་རྒྱས་གལ་ཆེན་ཡོང་བ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་ཕྱིར་འགན་ལེན་ནུས་ལྡན་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། ཏང་གི་ཡུན་རིང་སྲིད་སྐྱོང་འཇོན་ཐང་ཆེ་རུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རང་ངོས་འཐུས་ཚང་དང་གོང་འཕེལ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་བཅས་རེད། དེས་ན་ཏང་ཡོངས་ཀྱིས་ངེས་པར་དུ་བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་གཏོང་། གོ་སྐབས་དམ་འཛིན་བཅས་བྱས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ནང་སེམས་ཐག་གཙང་བཅད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་ཁྲོད་གནས་པའི་འགལ་རྐྱེན་དང་ཞན་ཆ་བསལ་ཏེ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དེ་བས་ལེགས་པའི་ངང་འདོན་སྤེལ་བྱེད་དགོས།
          ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་འོས་སྦྱོར་བྱ་རྒྱུའི་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགོ་ཁྲིད་མི་སྣའི་གྲོས་འགོའི་འོས་མི་དང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོར་འོས་སྦྱོར་བྱ་རྒྱུའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣའི་གྲོས་འགོའི་འོས་མིའི་གནས་ཚུལ་ལ་གྲོས་བསྡུར་གནང་བ་རེད།
         ཚོགས་འདུའི་ཐོག་གོང་གསལ་གྱི་ནང་དོན་དག་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གྲོས་དོན་ལ་བརྩི་རྒྱུའི་གཏན་འཁེལ་གནང་བ་རེད།
         ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》གྱི་མ་ཟིན་ལ་གྲོས་བསྡུར་གནང་བ་རེད། ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་ལྔའི་ནང་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཞུམ་མེད་མདུན་སྐྱོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་པའི་ངོས་འཛིན་གནང་བ་རེད།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། འདི་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་འགོ་ཚུགས་ཀྱི་ལོ་ཞིག་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། “ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད”སྔ་རྗེས་རྒྱུན་མཐུད་བྱེད་པ་བཅས་ཀྱི་འགག་རྩའི་ལོ་ཞིག་རེད། སྲིད་གཞུང་གི་ལས་དོན་ལེགས་པར་སྒྲུབ་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱས་ནས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་ཕྱིན་པར་དམ་པོར་དམིགས་པ། སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་བའི་བླང་བྱར་གཞིགས་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས།
          ཚོགས་འདུའི་ཐོག་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་དང་ལས་འགན་སྒྲུབ་པར་སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱས་ཏེ་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་བརྟན་འཁྱོངས་ཀྱི་དངུལ་ལོར་སྲིད་ཇུས་ལག་ལེན་ཡག་པོ་བསྟར་དགོས་ཞེས་མཛུབ་སྟོན་གནང་བ་རེད།