མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་བདེ་པུའུ་ཡིས་རང་ཉིད་ཀྱི་མིན་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲིམ་འགྲུལ་སྒྲིག་འགལ་
དྲ་ཐོག་ནས་ཐག་གཅོད་བྱེད་ཐབས་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་27ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པར་གཞིགས་ན། མང་ཚོགས་ལ་དྲ་ཐོག་ནས་འགྲིམ་འགྲུལ་སྒྲིག་འགལ་ཐག་གཅོད་བྱེད་བདེ་ཡོང་ཆེད་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་དྲ་སྦྲེལ་འགྲིམ་འགྲུལ་གྱི་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུའི་དོ་དམ་ལས་སྟེགས་སུ་རང་ཉིད་ཀྱི་མིན་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲིམ་འགྲུལ་སྒྲིག་འགལ་རང་འགུལ་ཐག་གཅོད་བྱེད་ནུས་གསར་དུ་བསྣན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2016ལོར་རྒྱལ་ཡོངས་སུ་དྲ་སྦྲེལ་འགྲིམ་འགྲུལ་གྱི་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུའི་དོ་དམ་ལས་སྟེགས་བསྐྲུན་ནས་སྤྱོད་འགོ་བཙུགས་ཚུན་སྔ་རྗེས་སུ་སྤྱི་ཚོགས་ལ་ཁ་ཆད་རྒྱུགས་སྤྲོད་དང་། ཨང་འདེམས། འགྲིམ་འགྲུལ་སྒྲིག་འགལ་ཐག་གཅོད་སོགས་རིགས་ཆེ་གྲས་10ཡི་རྣམ་གྲངས་130ཙམ་གྱི་དྲ་ཐོག་གི་ཞབས་ཞུ་ཁྱབ་གདལ་བཏང་ཡོད། མིག་སྔར་ཐོ་བཀོད་ནས་སྤྱོད་མཁན་དུང་ཕྱུར་1.6ཙམ་ཟིན་པར་ཞབས་ཞུ་སྣ་ཚོགས་ཐེངས་དུང་ཕྱུར་5.93ཙམ་བསྒྲུབས་ཡོད་པ་རེད།
         བྱེད་ནུས་དེ་བཏོན་རྗེས་ཁ་ལོ་བར་འགྲིམ་འགྲུལ་སྒྲིག་འགལ་ཐག་གཅོད་བྱེད་པའི་སྐར་ཁུང་ནས་འགྲིམ་འགྲུལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐག་གཅོད་བྱ་ཆོག་ལ“འགྲིམ་འགྲུལ་དོ་དམ་གྱི་12123”བརྒྱུད་རང་འགུལ་ཐག་གཅོད་ཀྱང་བྱེད་ཐུབ། འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་པོ་དང་ཁ་ལོ་བས་འགྲིམ་འགྲུལ་ལག་རྩལ་གྱི་ལྟ་ཞིབ་ཚོད་འཛིན་སྒྲིག་ཆས་ཀྱིས་ཐོ་འགོད་བྱས་པའི་རང་ཉིད་ཀྱི་མིན་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲིམ་འགྲུལ་སྒྲིག་འགལ་གྱི་བྱེད་སྤྱོད་འདྲི་རྩད་དང་ཐག་གཅོད་ལ་སྟབས་བདེ་བྱུང་ཡོད་ལ་མང་ཚོགས་ཚོས་འགྲིམ་འགྲུལ་སྒྲིག་འགལ་ཐག་གཅོད་བྱེད་པའི་སྐར་ཁུང་དུ་རུ་བསྒྲིགས་ནས་སྒུག་པའི་དུས་ཡུན་དང་འགྲོ་འོང་གི་མ་གནས་ཀྱང་ཉུང་དུ་འགྲོ་རྒྱུ་རེད།