མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕུབ་ལྗང་བྱ་སྤྱོད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་446ཚང་མར་ཁྱབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་27ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་24ཉིན་གསར་འགོད་པར་ཁོར་ཡུག་སྲུང་སྐྱོང་པུའུ་ནས་ཤེས་རྟོགས་བྱུང་བར། “ཕུབ་ལྗང་2017”གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་སྐུལ་ཞིབ་བཤེར་ཆེད་དོན་བྱ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་གནད་དོན་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་20800ལྷག་ཙམ་བརྟག་ཞིབ་དང་ཐག་གཅོད་བྱས་ཏེ་ཁེ་ལས་2460སྒོ་བརྒྱབ་ནས་ལས་མཚམས་བཞག་པ་དང་། གནད་དོན་13100ལྷག་ཙམ་དག་ཐེར་བྱས་ཟིན་ནས་དག་ཐེར་བྱེད་ཚད་62.8%ཟིན་པ། དེ་མིན་གྱི་གནད་དོན་དག་ཐེར་དང་སྣོད་བཅུད་སླར་གསོ་བྱེད་ཐབས་དོན་འཁྱོལ་བྱས་དང་བྱེད་བཞིན་ཡོད་པ་རེད།
         ས་གནས་ཁག་གིས་མི་1100ལྷག་ཙམ་ལ་འགན་འཁྲི་བདའ་འདེད་བཏང་བའི་ཁྲོད་ཐིང་རིམ་པའི་ལས་བྱེད་པ་60དང་ཁྲུའུ་རིམ་པའི་ལས་བྱེད་པ་240ལྷག་ཙམ་ཐག་གཅོད་བྱས་པ་རེད། ས་གནས་ཁག་གིས་གོང་ཁྲིམས་དང་མི་མཐུན་པའི་འབྲེལ་ཡོད་ས་གནས་རང་བཞིན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་12མེད་པ་བཟོས་པ་དང་། 51བཟོ་བཅོས་བརྒྱབ་པ། 20ལྷག་ཙམ་གསར་དུ་བཟོས་ནས་ཁྱབ་བསྒྲགས་བྱས་པ་བཅས་དང་ཆབས་ཅིག་སྡེ་ཚན་གྱི་སྲིད་ཇུས་དང་ཡིག་ཆ་ཁག་གཅིག་མེད་པ་བཟོས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2017ལོའི་ཟླ་བ་བདུན་པ་ནས་བཅུ་གཉིས་པ་བར་ཁོར་ཡུག་སྲུང་སྐྱོང་པུའུ་དང་། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ། ཆུ་བེད་པུའུ་སོགས་སྡེ་ཚན་བདུན་གྱིས་མཉམ་འབྲེལ་ཐོག་ཆེད་དོན་བྱ་སྤྱོད་སྤེལ་ནས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་སྒྲིག་འགལ་གནད་དོན་མཐའ་གཅིག་ཏུ་ཞིབ་བཤེར་དང་ཐག་གཅོད་བྱས་པས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་446ཚང་མར་ཐོག་མར་ཁྱབ་ཐུབ་པ་བྱུང་བ་རེད།
         ཆེད་དོན་བྱ་སྤྱོད་སྤེལ་བ་ལས་ད་དུང་ས་གནས་སྲིད་གཞུང་ཉུང་ཤས་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལས་ཀའི་གལ་ཆེན་རང་བཞིན་ངོས་འཛིན་གང་ལེགས་མ་ཐུབ་པའི་དབང་གིས་ཐོན་པའི་གནད་དོན་ལ་རྒྱུ་རྐྱེན་ཕལ་པ་སྣ་ཚོགས་འཚོལ་བ་ལས་རྒྱུ་རྐྱེན་གཙོ་བོ་འཚོལ་ཉུང་བ་དང་། ས་གནས་འགའ་ཞིག་གི་ཞིང་ཆེན་རིམ་པས་འབྲེལ་ཡོད་བླང་བྱ་ལག་བསྟར་གནད་ལ་མི་འཁེལ་བ་དང་། གནོན་ཤུགས་སྤྲོད་རྒྱུ་མི་འདང་བ། ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཁག་གཅིག་ཞིབ་བཤེར་དང་ཐག་གཅོད་ཡག་པོ་མ་བྱུང་བ། དག་ཐེར་རྗེས་སུ་ལུས་པ། ས་མཚམས་ཐིག་ལེན་གྱིས་ཐོ་རྟགས་འཛུགས་པའི་འགན་འཁྲི་དོན་འཁྱོལ་ནན་ཏན་མ་བྱུང་བ། ས་མཚམས་མི་གསལ་བ་དང་། མཚམས་ཐིག་གནད་ལ་མི་འཁེལ་བ། ཉེན་བརྡའི་སྒྲིག་ཆས་མི་འདང་བ་སོགས་ཀྱི་གནད་དོན་ཡོངས་ཁྱབ་ཏུ་གནས་པ་བཅས་ཤེས་རྟོགས་བྱུང་ཡོད།
         ཁོར་ཡུག་སྲུང་སྐྱོང་པུས་འབྲེལ་ཡོད་སྡེ་ཚན་དང་ཨུ་ཡོན་ལྷན་ཁང་དང་ཟུང་འབྲེལ་བྱས་ཏེ“ཕུབ་ལྗང་2018”ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་སྐུལ་ཞིབ་བཤེར་བྱ་སྤྱོད་འཆར་གཞི་ཞིབ་འཇུག་བྱས་ནས་བཟོ་བཞིན་ཡོད་པ་དང་གོ་རིམ་ལྟར་སྐུལ་འདེད་གཏོང་བའི་བྱེད་ཐབས་སྤྱད་དེ་ཆེད་དོན་བྱ་སྤྱོད་བསྟུད་མར་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བཞིན་ཡོད་པ་རེད།