མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་
གྲོས་འགོ་》ཁྱབ་བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་27ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》ཀྱི་ནང་དོན་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གྲོས་འགོ་བཏོན་ཅིང་། བཟོ་བཅོས་རྒྱག་རྒྱུའི་གྲོས་འགོའི་ནང་དོན་ཁྱོན་ཉི་ཤུ་རྩ་གཅིག་ཡོད།
         དེའི་ནང་གི་གྲོས་འགོ་དང་པོ་ནི་རྩ་ཁྲིམས་ཀྱི་གླེང་གཞིའི་རང་བྱུང་དུམ་མཚམས་བདུན་པའི་ནང་གི“མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང‘མཚོན་བྱེད་གསུམ’གྱི་དགོངས་པ་གལ་ཆེན་བཅས་ཀྱི་མཛུབ་ཁྲིད་འོག”ཅེས་པ“མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། ‘མཚོན་བྱེད་གསུམ’གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱི་མཛུབ་ཁྲིད་འོག”ཅེས་པར་བཅོས་རྒྱུ་དང་།
         གྲོས་འགོ་བཅུ་བཞི་པ་ནི་རྩ་ཁྲིམས་ཀྱི་དོན་ཚན་དོན་དགུའི་ནང་གསེས་གསུམ་པའི་ནང་གི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་སྐབས་རེའི་འགན་འཁུར་ཡུན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་འགན་འཁུར་ཡུན་དང་གཅིག་མཚུངས་ཡིན་པ་དང་བསྟུད་མར་ལས་འགན་འཁུར་ཡུན་སྐབས་གཉིས་ལས་བརྒལ་མི་ཆོག”ཅེས་པ“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་སྐབས་རེའི་འགན་འཁུར་ཡུན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་འགན་འཁུར་ཡུན་དང་གཅིག་མཚུངས་ཡིན་དགོས”ཞེས་པར་བཅོས་རྒྱུ།
         གྲོས་འགོ་ཉེར་གཅིག་པའི་ནང་རྩ་ཁྲིམས་ཀྱི་ལེའུ་གསུམ་པའི“རྒྱལ་ཁབ་ཀྱི་སྒྲིག་གཞིར”ས་བཅད་གཅིག་མང་དུ་བཏང་སྟེ་ས་བཅད་བདུན་པ“ལྟ་ཞིབ་ཨུ་ལྷན”ལ་བརྩིས་པ་དང་། དོན་ཚན་ལྔ་མང་དུ་བཏང་སྟེ། དོན་ཚན་བརྒྱ་དང་ཉེར་གསུམ་ནས་བརྒྱ་དང་ཉེར་བདུན་བར་ལ་བརྩི་དགོས་ཞེས་བཏོན་འདུག
         མང་དུ་བཏང་བའི་ཆ་ཤས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ནི་ལྟ་ཞིབ་ལས་ཁུངས་མཐོ་ཤོས་ཡིན་པས། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ས་གནས་ཀྱི་རིམ་ཁག་ལྟ་ཞིབ་ཨུ་ལྷན་གྱི་ལས་ཀར་འགོ་ཁྲིད་དང་གོང་རིམ་ལྟ་ཞིབ་ཨུ་ལྷན་གྱིས་འོག་རིམ་ལྟ་ཞིབ་ཨུ་ལྷན་གྱི་ལས་ཀར་འགོ་འཁྲིད་རྒྱུ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ལ་འགན་འཁུར་རྒྱུ། ས་གནས་ཀྱི་རིམ་ཁག་ལྟ་ཞིབ་ཨུ་ལྷན་གྱིས་དེ་ཉིད་ཐོན་སའི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་དང་རིམ་པ་གཅིག་གིས་མཐོ་བའི་ལྟ་ཞིབ་ཨུ་ལྷན་ལ་འགན་འཁུར་རྒྱུ། 
         ལྟ་ཞིབ་ཨུ་ལྷན་གྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་རང་ཚུགས་ངང་ལྟ་ཞིབ་དབང་ཆ་སྤྱོད་པ་ལས་སྲིད་འཛིན་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། མི་སྒེར་བཅས་ཀྱི་ཐེ་ཇུས་མེད། ལྟ་ཞིབ་ལས་ཁུངས་ཀྱིས་ལས་ཐོག་ཁྲིམས་འགལ་དང་ལས་ཐོག་ཉེས་གསོག་གི་གྱོད་གཞི་ཐག་གཅོད་བྱེད་སྐབས་འདྲི་གཅོད་ལས་ཁུངས་དང་། ཞིབ་དཔྱོད་ལས་ཁུངས། ཁྲིམས་འཛིན་སྡེ་ཚན་བཅས་དང་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་ཚོད་འཛིན་བྱ་རྒྱུ་སོགས་རེད།