མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཞི་པར་ཞུགས་པ་
དང་འབྲེལ་གསུང་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་27ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་24ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རང་རྒྱལ་གྱི་རྩ་ཁྲིམས་དང་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཞི་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་པར་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་ཏང་གིས་ཡུན་རིང་སྲིད་སྐྱོང་བའི་ནུས་པ་ཆེ་རུ་གཏོང་དགོས་པ་མ་ཟད། ད་དུང་རྩ་ཁྲིམས་ཀྱི་གལ་ཆེའི་ནུས་པ་འདོན་རྒྱུར་ངེས་པར་དུ་དེ་བས་སྣང་ཆེན་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་ཡོང་བ་བྱེད་པར་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་བྱ་གཞག་ཁག་དང་ལས་དོན་ཁག་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་དང་རྒྱལ་ཁབ་རྩ་ཁྲིམས་བཞིན་སྐྱོང་བའི་ལམ་བུའི་ཐོག་སྐྱོད་ཐུབ་པ་དང་རྩ་ཁྲིམས་ལག་བསྟར་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་རིག་ཚན་ཨུ་ཡོན། ཞིབ་འཇུག་པ་བློ་མཐུན་ལི་ལིན་གྱིས་གནད་དོན་འདིའི་ཐད་འགྲེལ་བཤད་བསྐྱོན་པ་དང་འབྲེལ། བསམ་འཆར་དང་གྲོས་འགོའང་བཏོན་གནང་བ་རེད།
           ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་ཉིད་ཀྲུང་གོའི་ལོ་རྒྱུས་ཀྱི་གར་སྟེགས་ཐོག་སླེབས་རྗེས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དངོས་ཁྲོད་རྩ་ཁྲིམས་དང་ཁྲིམས་ལུགས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཡོད། གསར་བརྗེའི་རྟེན་གཞི་ཁུལ་བཙུགས་པ་ནས་བཟུང་རང་རེའི་ཏང་གིས་མི་དམངས་རྩ་ཁྲིམས་བཟོ་བ་དང་ལག་བསྟར་བྱེད་པའི་ཐད་འཚོལ་ཞིབ་དང་ལག་ལེན་དངོས་བསྟར་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རང་རེའི་ཏང་གི་འགོ་ཁྲིད་འོག་1954ལོའི་ཟླ་བ་དགུ་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》ལ་གྲོས་འཆམ་བྱུང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་དབང་སྲ་བརྟན་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཐད་འགན་ལེན་དང་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་ཐོན་ཡོད་ལ། སྒྱུར་བཅོས་སྒོ་དབྱེའི་དུས་སྐབས་གསར་པར་རང་རྒྱལ་གྱི་ད་སྤྱོད་རྩ་ཁྲིམས་བཟོ་བ་དང་འཐུས་ཚང་དུ་གཏོང་རྒྱུར་རྨང་གཞིའང་བཏིང་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་འགོ་བརྩམས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བློ་བརྟན་འགྱུར་མེད་ཀྱི་མཛད་ཕྱོགས་ཤིག་ཏུ་གྱུར་ཡོད། རང་རྒྱལ་གྱི་ད་སྤྱོད་རྩ་ཁྲིམས་1982ལོའི་རྩ་ཁྲིམས་འདི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེའི་འོག་བཟོས་པ་ཞིག་རེད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་རང་རེའི་ཏང་གིས་འགོ་ཁྲིད་གནང་བའི་རྩ་ཁྲིམས་འཛུགས་སྐྱོང་གི་ལོ་རྒྱུས་ལ་ཕྱིར་དྲན་བྱས་རྗེས་བསྡོམས་ཚིག་འདི་འདྲ་གསུམ་ཐོན་པ་སྟེ། གཅིག་ནི་རྩ་ཁྲིམས་བཟོ་བ་དང་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུར་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ནི་རྒྱལ་ཁབ་སྟོབས་ལྡན་དང་། མི་རིགས་དར་རྒྱས། སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་སྐྱིད་བཅས་མངོན་འགྱུར་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་དང་། གཉིས་ནི་རང་རྒྱལ་གྱི་ད་སྤྱོད་རྩ་ཁྲིམས་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་བཟོས་པ་ཞིག་དང་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་ཞིག་ཡིན་པ། གསུམ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མ་གཏོགས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་མི་ཐུབ་པ། བཞི་ནི་རྒྱལ་སྲིད་སྐྱོང་སྐབས་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་འདོན་རྒྱུར་རང་རེའི་ཏང་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་བཅས་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་རང་རྒྱལ་གྱི་རྩ་ཁྲིམས་ནང་ཏང་གི་བཞེད་དོན་དང་མི་དམངས་ཀྱི་བློ་གྲོས་ཚད་མཐོའི་གཅིག་གྱུར་བྱུང་ནས་ལེགས་ཆ་མངོན་གསལ་དོད་པོ་དང་། རྨང་གཞི་བརྟན་པོ། གསོན་ཤུགས་ཆེན་པོ་བཅས་ལྡན་ཡོད། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཆེན་ཡིན་ལ། རྒྱལ་ཁབ་ཀྱི་ལམ་ལུགས་ཁག་དང་བཅའ་ཁྲིམས་ཁྲིམས་སྲོལ་ཁག་གི་རྩ་བའི་གཞི་འཛིན་སའང་ཡིན་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་རྩ་ཁྲིམས་ཀྱིས་བཅའ་ཁྲིམས་ནང་གནས་བབ་ཆེ་ཤོས་བཟུང་བ་དང་། བཅའ་ཁྲིམས་ནང་དབང་གྲགས་ཆེ་ཤོས་ལྡན་པ། བཅའ་ཁྲིམས་ནང་ནུས་པ་ཆེ་ཤོས་ཐོན་གྱི་ཡོད། རང་རེའི་ཏང་གིས་དང་ཐོག་འགོ་འཁྲིད་ནས་རྩ་ཁྲིམས་ལ་གོང་བཀུར་དང་རྩ་ཁྲིམས་ལག་བསྟར་བྱས་ཏེ་མི་དམངས་ཀྱི་སྣེ་འཁྲིད་ནས་རྩ་ཁྲིམས་དང་བཅའ་ཁྲིམས་བཟོ་བ་དང་ལག་བསྟར་བྱེད་པ་དེ་ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནས་མི་འགལ་རྒྱུ་མཐའ་འཁྱོངས་བྱེད་པ་དང་གཅིག་གྱུར་ཡོང་བ་བྱེད་དགོས། རྩ་འཛུགས་གང་རུང་དང་མི་སྒེར་སུ་ཡིན་ཡང་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་ཆོག་པའི་དམིགས་བསལ་དབང་ཆ་ཡོད་མི་ཆོག རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་མཐའ་དག་ངེས་པར་དུ་བདའ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་དང་རྩ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུར་རྣམ་པ་བཟང་པོ་གཏོད་དགོས་ཞེས་གསུངས་པ་རེད།