མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུའུ་སོགས་སྡེ་ཚན་བཞིས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི"ཚད་བརྒལ་སློབ་ཁྲིད"
དང"སྔ་སྣུར་སློབ་ཁྲིད"མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས་ཞེས་བརྗོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་28ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། སློབ་གསོ་པུའུ་དང་། དམངས་སྲིད་པུའུ། མི་སྤྱི་པུའུ། བཟོ་ཚོང་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་གྱིས་བརྡ་ཐོ་བཀྲམ་ནས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིར་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་དགོས་པའི་བླང་བྱ་བཏོན་ཡོད། བརྡ་ཐོའི་ནང་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི“ཚད་བརྒལ་སློབ་ཁྲིད”དང་། “སྔ་སྣུར་སློབ་ཁྲིད” “བཙན་ཤེད་རྒྱུགས་སྤྲོད”སོགས་ཀྱི་ཚུལ་མིན་བྱེད་སྤྱོད་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས་པ་སྟེ། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རིམ་དབྱེའི་ཡིག་རྒྱུགས་དང་དེ་བཞིན་འགྲན་བསྡུར་སྒྲིག་འཛུགས་བྱ་རྒྱུ་གཏན་འགོག་ནན་པོ་བྱེད་པ་དང་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་གསོ་སྦྱོང་གྲུབ་འབྲས་དང་སློབ་གྲྭ་འབྲིང་ཆུང་གི་སློབ་བསྡུ་སློབ་ཞུགས་སྦྲེལ་མཐུད་བྱེད་པ་སོགས་ཀྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཕན་ལོ་ཤས་རིང་། སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཕྱོགས་ནས་གཉེར་བའི་སློབ་རྒྱུས་མིན་པའི་རིག་གནས་སློབ་གསོའི་རིགས་ཀྱི་གསོ་སྦྱོང་སྒྲིག་གཞིས་(གཤམ་དུ་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་ཞེས་བསྡུ་རྒྱུ་)“རྒྱུགས་སྤྲོད”ཁྲིད་སྟོན་དུ་བྱེད་པའི་གསོ་སྦྱོང་བྱས་པས་སློབ་གསོའི་ཆོས་ཉིད་དང་གཞོན་ནུ་ལོ་ཆུང་གི་འཚར་ལོངས་ཆོས་ཉིད་དང་འགལ་བ་དང་། སློབ་གྲྭའི་རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་ལ་ཤུགས་རྐྱེན་བཟོས་པ། སློབ་མའི་སློབ་ཕྱིའི་ཁུར་པོ་ལྕི་རུ་སོང་བ། ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ལྕི་རུ་སོང་བས་སྤྱི་ཚོགས་ཐོག་བསམ་འཆར་ཆེན་པོ་བྱུང་ཡོད། བརྡ་ཐོའི་དམིགས་ཡུལ་ནི་ལེབ་བཤེར་རྣམ་པའི་མཐིལ་རྟོགས་གྲལ་བཤེར་ཕྱོགས་ཡོངས་ནས་བྱས་ཏེ་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིར་གནས་པའི“བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་། ལག་ཁྱེར་མེད་པ།‘རྒྱུགས་སྤྲོད’ལ་སྣང་ཆེན། ཚད་བརྒལ་སློབ་ཁྲིད”སོགས་ཀྱི་མི་དམངས་མང་ཚོགས་ཀྱི་བསམ་འཆར་མང་ལ་མངོན་གསལ་དོད་པའི་གནད་དོན་ཁག་དྲུག་བཅོས་སྒྲིག་མཐའ་གཅིག་ཏུ་བྱ་རྒྱུ་དེ་ཡིན།
         ཞིབ་ཕྲའི་བཅོས་སྒྲིག་ལས་འགན་དང་དག་ཐེར་བླང་བྱའི་ནང་། གཅིག་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་གནས་པའི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་འཕྲལ་དུ་སློབ་མཚམས་བཞག་ནས་དག་ཐེར་བྱེད་དགོས་པ་དང་། གཉིས་ནས་སློབ་གཉེར་ཆོག་འཐུས་ལག་ཁྱེར་མེད་པ་དང་ལས་གཉེར་ལག་ཁྱེར་མེད་རུང་། ལག་ཁྱེར་གཉེར་བའི་ཆ་རྐྱེན་འཛོམས་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིར་ཁྲིམས་དང་སྒྲིག་སྲོལ་ལྟར་འབྲེལ་ཡོད་ལག་ཁྱེར་གཉེར་དགོས་པའི་མཛུབ་ཁྲིད་བྱེད་དགོས། གསུམ་ནས་ལས་གཉེར་ལག་ཁྱེར་བླངས་རུང་སློབ་གཉེར་ཆོག་འཐུས་ལག་ཁྱེར་མེད་པའི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིར་ལག་ཁྱེར་གཉེར་བའི་ཆ་རྐྱེན་འཛོམས་རིགས་ལ་ལག་ཁྱེར་གཉེར་རྒྱུར་མཛུབ་ཁྲིད་བྱེད་དགོས། ལག་ཁྱེར་གཉེར་བའི་ཆ་རྐྱེན་འཛོམས་མེད་རིགས་ལ་ལས་གཉེར་(ལས་སྒོ་)ཁྱབ་ཁོངས་སུ་ལས་སྒོ་གཉེར་དགོས་པ་ལས་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཕྱོགས་པའི་གསོ་སྦྱོང་སླར་ཡང་བྱེད་མི་ཆོག་པའི་བཀའ་གཏོང་དགོས། བཞི་ནས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་རིག་ཚན་རིགས་ཀྱི་གསོ་སྦྱོང་(གཙོ་བོ་རྒྱ་ཡིག་དང་རྩིས་རིག་སོགས་)བྱེད་སྐབས་ཐོན་པའི“ཚད་བརྒལ་སློབ་ཁྲིད”དང་། “སྔ་སྣུར་སློབ་ཁྲིད”“བཙན་ཤེད་རྒྱུགས་སྤྲོད”སོགས་ཀྱི་ཚུལ་མིན་བྱེད་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། ལྔ་ནས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རིམ་དབྱེའི་ཡིག་རྒྱུགས་དང་དེ་བཞིན་འགྲན་བསྡུར་སྒྲིག་འཛུགས་བྱ་རྒྱུར་གཏན་འགོག་བྱེད་དགོས་པ་དང་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་གསོ་སྦྱོང་གྲུབ་འབྲས་དང་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་སློབ་བསྡུ་སློབ་ཞུགས་དང་སྦྲེལ་མཐུད་བྱེད་པའི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པའི་ཁར་འབྲེལ་ཡོད་སློབ་གྲྭ་དང་། གསོ་སྦྱོང་སྒྲིག་གཞི། འབྲེལ་ཡོད་མི་སྣ་བཅས་ཀྱི་འགན་འཁྲི་ཁྲིམས་ལྟར་རྩད་གཅོད་བྱེད་དགོས། དྲུག་ནས་ཁྲིམས་ལྟར་སློབ་ཁྲིད་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་གྲྭ་འབྲིང་ཆུང་ཁག་གཅིག་གིས་སློབ་ཁྲིད་འཆར་གཞིར་བརྩི་སྲུང་མི་ཞུ་བ་དང“འགོ་འཛུགས་ས་གསར་པ་ནས་མིན་པའི་སློབ་ཁྲིད”སོགས་ཀྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ་བཅས་ཚུད་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་དོན་བཅོས་སྒྲིག་དུས་མཚམས་ཁག་གསུམ་དུ་དབྱེ་ཡོད་པ་སྟེ། དུས་མཚམས་དང་པོ་ནི་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་གྲལ་བཤེར་མཐིལ་རྟོགས་བྱས་ཏེ་2018ལོའི་ཟླ་དྲུག་པའི་ཟླ་མཇུག་གོང་ལེགས་སྒྲུབ་བྱེད་དགོས་པ་དང་། དུས་མཚམས་གཉིས་པ་ནི་གཅིག་སྡུད་དག་ཐེར་བྱས་ནས་2018ལོའི་ལོ་མཇུག་གོང་ལེགས་སྒྲུབ་བྱེད་དགོས་པ། དུས་མཚམས་གསུམ་པ་ནི་ཆེད་དོན་ལྟ་སྐུལ་དང་ཞིབ་བཤེར་བྱས་ཏེ་2019ལོའི་ཟླ་དྲུག་པའི་ཟླ་མཇུག་གོང་ལེགས་སྒྲུབ་བྱེད་དགོས།