མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐང་ཀ་རྒྱལ་ཕྲན་གྱི་རྒྱལ་པོ་ཐུའུ་ཕུའུ་ཁྲི་ཐོག་དྲུག་པ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་03ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཐང་ཀ་རྒྱལ་ཕྲན་རྒྱལ་ཁབ་ཀྱི་རྒྱལ་པོ་ཐུའུ་ཕུའུ་ཁྲི་ཐོག་དྲུག་པ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་ཐང་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་གསར་པ་སྔར་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གཅིག་མཐུན་བྱུང་བ་རེད།
          ཞི་ཅིན་ཕིང་གིས་ཐུའུ་ཕུའུ་ཁྲི་ཐོག་དྲུག་པས་ཀྲུང་ཐང་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་20འཁོར་བའི་སྐབས་སུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་བ་དང་འབྲེལ་ཐང་ཀ་རྒྱལ་ཕྲན་རྒྱལ་ཁབ་ལ་ཡུན་རིང་མ་སོང་གོང་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཚབས་ཆེན་ཕོག་པར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་ལོ་20ཡི་གོང་རྒྱལ་པོ་ཐུའུ་ཕུའུ་ཁྲི་ཐོག་དྲུག་པས་ཕྱི་འབྲེལ་དང་རྒྱལ་སྲུང་བློན་ཆེན་གྱི་ཐོབ་ཐང་ཐོག་ནས་ཀྲུང་གོར་ཕེབས་ཏེ་ཀྲུང་ཐང་དབར་ཕྱི་འབྲེལ་འབྲེལ་བ་འཛུགས་པའི་སྤྱི་བསྒྲགས་ཐོག་མིང་རྟགས་བཀོད་ནས་ཀྲུང་ཐང་དབར་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་གཏོང་ཆེད་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད། ཐང་ཀའི་རྒྱལ་རྒྱུད་ཀྱིས་ཀྲུང་ཐང་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་ཐང་ཀ་ཚུད་པའི་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཁག་དང་ཀྲུང་གོའི་དབར་ནི་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། མཉམ་དུ་འཕེལ་རྒྱས་འགྲོ་བ་བཅས་ཀྱི་གྲོགས་པོ་ཡག་པོ་ཞིག་དང་རོགས་ཟླ་ཡག་པོ་ཞིག་ཡིན། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་ཕན་ཚུན་བརྩི་འཇོག་དང་། བཏང་སྙོམས་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ལུགས་བཏོན་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཡང་དག་པའི་དྲང་བདེན་དང་ཁེ་ཕན་གྱི་ལྟ་བ་དང་ལྷག་བསམ་རྣམ་དག་གི་འདུ་ཤེས་ཐོག་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་ཡོད། གོང་གསལ་གྱི་འདུ་ཤེས་དང་བྱེད་ཕྱོགས་ཀྱིས་ཀྲུང་ཐང་དབར་གྱི་འབྲེལ་བ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཆེད་དེ་བས་ཡངས་པའི་མདུན་ལམ་གཏོད་རྒྱུ་རེད་ཅེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་ཐང་རྒྱལ་ཁབ་གཉིས་ཀྱིས་མཐོ་རིམ་དང་རིམ་པ་ཁག་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་བཏང་ནས་ཕན་ཚུན་གྱི་བདག་དབང་དང་། མངའ་ཁོངས་ཆ་ཚང་། རྒྱལ་ཁབ་ཀྱི་ལ་རྒྱ་སོགས་དང་འབྲེལ་བའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་པ་རེད།
        ཐུའུ་ཕུའུ་ཁྲི་ཐོག་དྲུག་པས་ན་ནིང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་ནི་གཟིགས་རྒྱང་རིང་བ་དང་བློ་རིག་ལྡན་པའི་འགོ་ཁྲིད་མི་སྣ་ཞིག་ཡིན་པས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་གྲུབ་འབྲས་སྔར་ལས་ཆེ་བ་ཐོབ་རྒྱུའི་ཡིད་ཆེས་ཡོད། ཐང་ཀས་ཀྲུང་གོ་དང་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་སྔར་ནས་ད་བར་ཐང་ཀའི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ཐད་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཡུན་རིང་མ་སོང་གོང་ཐང་ཀར་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཕོག་སྐབས་ཀྲུང་གོས་འཕྲལ་དུ་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།