མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་དང་དམངས་གཙོའི་གྲོས་མོལ་ཚོགས་
འདུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་03ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གིས་ཟླ་2ཚེས་6ཉིན་དང་ཚེས་28ཉིན་སོ་སོར་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་དང་དམངས་གཙོའི་གྲོས་མོལ་ཚོགས་འདུ་འཚོགས་ནས། 《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་》དང་《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི་》 ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་འོས་སྦྱོར་བྱེད་རྩིས་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣའི་འོས་མི་གྲོས་འགོའི་མཚན་ཐོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་འོས་སྦྱོར་བྱེད་རྩིས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣའི་འོས་མི་གྲོས་འགོའི་མཚན་ཐོ། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ལ་བརྡ་ཁྱབ་གཏོང་བའི་གནས་ཚུལ་སྐོར་གྱི་བསམ་འཆར་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
          ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཏང་དང་རྒྱལ་ཁབ་ལས་ཁུངས་ནི་སྟེང་གི་བཀོད་པའི་ཁོངས་སུ་གཏོགས་པས་ངེས་པར་དུ་དཔལ་འབྱོར་གྱི་རྨང་གཞིའི་བླང་བྱ་དང་འཚམ་པར་བྱེད་དགོས། དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་། སྤྱི་ཚོགས་རྒྱུན་ཆད་མེད་པར་ཡར་རྒྱས་ཕྱིན་པ། མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པས། སྟེང་གི་བཀོད་པ་ངེས་པར་དུ་བླང་བྱ་གསར་པ་དང་འཚམ་པར་བྱས་ནས་རྒྱུན་ཆད་མེད་པར་སྒྱུར་བཅོས་བྱེད་དགོས། དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཡོངས་ཁྱབ་ཆོས་ཉིད་ཅིག་རེད། ལས་ཁུངས་སྒྱུར་བཅོས་བྱ་རྒྱུ་ནི་བརྒྱུད་རིམ་ཞིག་ཡིན་པ་ལས་སྒྲུབ་ཐེངས་གཅིག་ལ་སྒྲུབ་ཐུབ་པ་དང་དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་ཐོབ་པ་ཞིག་མིན་པས་དེར་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་རེས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་ཕྱོགས་5ཡི་ཐད་ནས་བཀོད་སྒྲིག་གནང་བ་རེད། གཅིག་ནས་ཏང་གིས་གཙོ་གནད་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གཉིས་ནས་སྤྱི་ཁོག་དོ་དམ་སྡེ་ཚན་གྱི་འགན་ནུས་བཀོད་སྒྲིག་ལུགས་མཐུན་བྱས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ། གསུམ་ནས་ཏང་སྲིད་ལས་ཁུངས་ཀྱི་བཀོད་པ་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་འཐུས་ཚོགས་དང་། སྲིད་གྲོས། ཁྲིམས་འཛིན་བཅས་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་བྱེད་དགོས་པ། བཞི་ནས་ཞིང་ཆེན་རིམ་པ་དང་དེ་མན་གྱི་ལས་ཁུངས་ལ་རང་བདག་དབང་ཆ་སྔར་བས་མང་བ་སྤྲོད་དགོས་པ། ལྔ་ནས་ཁྲིམས་ལྟར་རྩ་འཛུགས་ལས་ཁུངས་ཁག་ལ་དོ་དམ་བྱེད་པ་དང་ལས་ཁུངས་ཀྱི་སྒྲིག་ཁུངས་དོ་དམ་གྱི་བཙན་ཞིང་ནན་པའི་གཅུན་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཁུངས་ཀྱི་སྒྲིག་ཁུངས་དོ་དམ་དབང་ཚད་དང་གོ་རིམ་ནན་དུ་གཏོང་དགོས་པ་བཅས་རེད།
          ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་འཚོག་ཉེར་ཡོད་པ་དེ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་རྗེས་ཀྱི་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད།
          ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པ་བཅས་ཀྱི་མི་སྣར་བསམ་བློ་དང་བྱ་སྤྱོད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་སྒྱུར་བཅོས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་སྒྱུར་བཅོས་ལ་ཧུར་ཐག་ཞུགས་ནས་དཀའ་གནད་སེལ་བ་དང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་ཐབས་བཟང་དང་ཇུས་བཟང་རྒྱ་ཆེར་འདོན་པ་དང་བསམ་བློའི་འབྲེལ་མཐུད་དང་། མཐུན་སྦྱོར་གྱི་འབྲེལ་བ། སེམས་ཁམས་མཐུན་སྦྱོར། འགལ་ཟླ་སེལ་བ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་ནས་སྒྱུར་བཅོས་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་པ་དང་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་པའི་ཐུགས་རེ་གནང་བ་རེད།