མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་གིས་བློ་མཐུན་ཀྲོའུ་ཨེན་ལའེ་ལ་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་03ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་དབྱང་གིས་བློ་མཐུན་ཀྲོའུ་ཨེན་ལའེ་ལ་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

            མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་1ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བློ་མཐུན་ཀྲོའུ་ཨེན་ལའེ་འཁྲུངས་ནས་ལོ་120འཁོར་བར་དྲན་གསོ་ཞུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་གསལ་པོ་བཟོས་ཟིན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གྲུ་ཆེན་རླུང་བརྟེན་རླབས་གཤག་ངང་མདུན་དུ་བསྐྱོད་བཞིན་ཡོད། བློ་མཐུན་ཀྲོའུ་ཨེན་ལའེ་སྐུ་གཞོན་ནུའི་དུས་སུ“འཛམ་གླིང་དུ་ཀྲུང་ཧྭ་བྱ་འཕུར་བ་ལྟར་གོང་དུ་འཕེལ་སྐབས་འཛོམས་པའི་དུས་ཤིག་ཤར་ཡོང”ཞེས་པའི་རེ་བཅོལ་གཏམ་ཞིག་བྲིས་གནང་མྱོང་ཡོད། དེ་རིང་ང་ཚོས་བློ་མཐུན་ཀྲོའུ་ཨེན་ལའེ་སོགས་གསར་བརྗེ་པ་རྒན་གྲས་ཐུགས་བློ་བདེ་བར་ཞུགས་སུ་གསོལ་ཆོག་པ་ནི། ཉེ་རབས་ནས་བཟུང་དུས་ཡུན་རིང་པོ་གོད་ཆག་འཕྲད་པའི་ཀྲུང་ཧྭ་མི་རིགས་ཡར་ལངས་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་གྱུར་པའི་བར་གྱི་རླབས་ཆེའི་མཆོང་སྐྱོད་བྱུང་བ་དེ་རེད། བློ་མཐུན་ཀྲོའུ་ཨེན་ལའེ་སྐུ་འཚོ་བཞུགས་སྐབས་ཐུགས་སུ་དགོངས་པའི་ཀྲུང་གོའི་དེང་རབས་ཅན་གྱི་བརྗིད་ཆེའི་དམིགས་ཚད་མི་རིང་བར་རྦད་དེ་མངོན་འགྱུར་ཐུབ་ངེས་རེད་ཅེས་ནན་བཤད་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
         ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཀྲོའུ་ཨེན་ལའེ་ཡི་མཚན་ནི་གཟི་བརྗིད་ལྡན་པ་དང་ནམ་ཡང་མི་ནུབ་པའི་མཚན་ཞིག་རེད། ང་ཚོས་མཚན་འདི་འབོད་རིམ་བཞིན་སེམས་ལ་དྲོ་སྐྱིད་ཚོར་བ་དང་སྤོབས་པ་སྐྱེ་ཡི་འདུག་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་བློ་མཐུན་ཀྲོའུ་ཨེན་ལའེ་ཡི་དུས་རབས་ཕྱེད་ཀ་ལྷག་ཙམ་འབད་འཐབ་བྱས་པའི་མི་ཚེའི་བརྒྱུད་རིམ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ལོ་རྒྱུས་ཀྱི་བསྡུས་རིས་གསོན་ཉམས་དོད་པོ་ཞིག་དང་། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་། འཚར་ལོངས་བྱུང་བ། རྒྱལ་སྤྱིའི་དབང་གྲགས་ཆེན་པོ་ཐོབ་པ་བཅས་ཀྱི་ལོ་རྒྱུས་ཀྱི་བསྡུས་རིས་གསོན་ཉམས་དོད་པོ་ཞིག ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱིས་བདམས་པའི་གསར་བརྗེ་དང་འཛུགས་སྐྲུན་གྱི་ལམ་དུ་དཀའ་སྤྱད་འཚོལ་ཞིབ་དང་། རྒྱུན་ཆད་མེད་པར་གསར་གཏོད། རྒྱལ་ཁའི་གླུ་དབྱངས་བླངས་ནས་མདུན་སྐྱོད་བཅས་ཀྱི་ལོ་རྒྱུས་ཀྱི་བསྡུས་རིས་གསོན་ཉམས་དོད་པོ་ཞིག་རེད་ཅེས་གསུངས།
         ཞི་ཅིན་ཕིང་གིས་བློ་མཐུན་ཀྲོའུ་ཨེན་ལའེ་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་དད་སེམས་བརྟན་པོར་སྲུང་མཁན་གྱི་ཕུལ་བྱུང་མིག་དཔེ་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་བློ་མཐུན་ཀྲོའུ་ཨེན་ལའེ་ནི་ཏང་ལ་ལྷག་བསམ་རྣམ་དག་དང་སྤྱི་ཡོངས་ལ་སྲུང་སྐྱོང་གནང་མཁན་གྱི་ཕུལ་བྱུང་མིག་དཔེ་ཞིག་རེད། ང་ཚོས་བློ་མཐུན་ཀྲོའུ་ཨེན་ལའེ་ལ་སློབ་སྦྱོང་ཞུས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་དགོས་ཞེས་གསུངས།
         ཞི་ཅིན་ཕིང་གིས་བློ་མཐུན་ཀྲོའུ་ཨེན་ལའེ་ནི་མི་དམངས་ལ་དགའ་ཞེན་དང་དམངས་ཕན་སྲི་ཞུ་སྒྲུབ་མཁན་གྱི་ཕུལ་བྱུང་མིག་དཔེ་ཞིག་རེད། “མི་དམངས་ཀྱི་ཙུང་ལིས་མི་དམངས་ལ་དགའ། མི་དམངས་ཀྱི་ཙུང་ལིར་མི་དམངས་ཀྱིས་དགའ”ཞེས་མི་དམངས་མང་ཚོགས་ཚོས་བབ་ཆགས་པའི་སྐད་ཆས་བློ་མཐུན་ཀྲོའུ་ཨེན་ལའེ་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་བློ་མཐུན་ཀྲོའུ་ཨེན་ལའེ་ནི་རང་ངོས་གསར་བརྗེ་དང་ནམ་ཡང་འབད་འཐབ་གནང་མཁན་གྱི་ཕུལ་བྱུང་མིག་དཔེ་ཞིག་རེད། རང་རེའི་ཏང་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ལ་འགྱུར་བར་བྱེད་དགོས་ན་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རང་ངོས་ལ་ཉམས་སད་ཐེག་དགོས་ཞེས་གསུངས།
         ཞི་ཅིན་ཕིང་གིས་བློ་མཐུན་ཀྲོའུ་ཨེན་ལའེ་ནི་འགན་འཁུར་ཕོད་པ་དང་ནམ་འཚོའི་བར་དུ་ཞབས་ཞུར་བརྩོན་མཁན་གྱི་ཕུལ་བྱུང་མིག་དཔེ་ཞིག་རེད། ང་ཚོས་བློ་མཐུན་ཀྲོའུ་ཨེན་ལའེ་ཡི་འགན་འཁུར་ཕོད་པ་དང་། འགལ་ཟླར་གཏུག་ཕོད་པ། གནད་དོན་ཐག་གཅོད་བྱེད་མཁས་པ། དུས་ཀྱིས་མི་མི་སྒུག་པས་དུས་ཚོད་སྐར་ཆ་ཙམ་ལ་ཡང་བརྩོན་ལེན་བྱེད་པ་བཅས་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་བློ་མཐུན་ཀྲོའུ་ཨེན་ལའེ་ནི་རང་གཅུན་ནན་པོ་དང་སྤྱོད་གཙང་གཞུང་དྲང་གི་ཕུལ་བྱུང་མིག་དཔེ་ཞིག་རེད་ཅེས་གསུངས།