མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་
དབྱང་གི་གཏན་འབེབས་ཡོངས་བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་05ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་གནད་དོན་ལ་ཞིབ་འཇུག་བྱས་ཡོད་པ་དང་། ཤིན་ཧྭ་གསར་འགྱུར་ཁང་གིས་ཟླ་3ཚེས་4ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བའི་《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་》ཀྱི་ཡིག་ཆ་ཆ་ཚང་ཡོངས་བསྒྲགས་བྱས་པ་རེད། ཡིག་ཆ་ཆ་ཚང་ལ་རྒྱ་ཡིག་ཡིག་འབྲུ་ཁྲི་1ལྷག་ཙམ་ཡོད།
          གཏན་འབེབས་ནང་བསྟན་དོན། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གསར་སྒྱུར་གཏིང་ཟབ་ཅིག་རེད།
          ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འགན་ལེན་གལ་ཆེན་ཞིག་རེད། ཏང་གི་སྲིད་སྐྱོང་འཇོན་ཐང་ཆེ་རུ་དང་འགོ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་དང་སྤྱི་ཚོགས་བཅོས་སྐྱོང་ནུས་ལྡན་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པར་ངེས་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པར་བྱས་ཏེ་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས།
          མིག་སྔར་དུས་རབས་གསར་པ་དང་ལས་འགན་གསར་པས་བཏོན་པའི་བླང་བྱ་གསར་པའི་མདུན་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་འཛུགས་སྟངས་དང་འགན་ནུས་བཀོད་སྒྲིག“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་བླང་བྱ་དང་ད་དུང་ཡོངས་སུ་འཚམ་མེད་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་བླང་བྱ་དང་ཡང་ཡོངས་སུ་འཚམ་མེད། དེར་བརྟེན་གནད་དོན་དེ་དག་ལ་ངེས་པར་དུ་དམ་འཛིན་ནན་པོ་བྱས་ནས་ཐག་གཅོད་བྱེད་དགོས།
          གཏན་འབེབས་ནང་ནན་བཤད་བྱས་དོན། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་གཤམ་གསལ་གྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་སྟེ།
          —— ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་བྱེད་དགོས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་ནི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་རྩ་བའི་འགན་ལེན་ཞིག་རེད། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ། ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་སྒྱུར་བཅོས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་འཐུས་ཚང་དང་འགན་ལེན་བྱེད་པ། ཏང་གི་འགོ་ཁྲིད་བྱ་ཐབས་དང་སྲིད་སྐྱོང་བྱ་ཐབས་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཏང་གིས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་དོན་གཉེར། སྲིད་ཇུས་གཏན་འཁེལ། སྒྱུར་བཅོས་ལ་སྐུལ་འདེད་བཅས་ཀྱི་འཇོན་ཐང་དང་ངེས་ཤུགས་ཆེ་རུ་གཏོང་དགོས།
         —— མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཏང་གི་རྩ་བའི་དམིགས་ཡུལ་ཡིན་པ་དང་། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་དང་། སྲུང་སྐྱོང། གོང་འཕེལ་བཅས་ཡག་པོ་ཡོང་རྒྱུ་ནི་ཏང་གི་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་འབབ་ས་ཞིག་རེད། དེས་ན་ངེས་པར་དུ་མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་དང་། སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་དོན་དུ་སྲིད་སྐྱོང་བ་མཐའ་འཁྱོངས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར། མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། དམངས་ལ་ཁེ་ཕན་སྒྲུབ་པ་དང་། དམངས་ལ་བྱ་བ་སྒྲུབ་པ། དམངས་ལ་སེམས་ཁྲལ་སེལ་བ། མི་དམངས་ཀྱི་ཁེ་དབང་འགན་ལེན། མི་དམངས་ཀྱི་བསམ་འདུན་ཉན་པ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་ཀྱི་སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་མི་དམངས་ཀྱིས་ཁྲིམས་བཞིན་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་དང་། དཔལ་འབྱོར་དང་རིག་གནས་བྱ་གཞག་ལ་དོ་དམ། སྤྱི་ཚོགས་ཀྱི་བྱ་བར་དོ་དམ་བཅས་བྱ་ཕྱིར་འགན་ལེན་ནུས་ལྡན་བྱེད་དགོས།
         —— བཟང་སྒྲིག་དང་། མཐུན་སྦྱོར། ནུས་ཆེ་བཅས་མཐའ་འཁྱོངས་བྱེད་དགོས། བཟང་སྒྲིག་ཅེས་པ་ནི་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པ་དང་། དབང་འགན་གཅིག་མཐུན་ཡིན་པར་བརྗོད་པ་དང་། མཐུན་སྦྱོར་ཞེས་པ་ནི་གཅིག་གྱུར་དང་ཁག་དབྱེ་ཡོད་པ་དང་། གཙོ་བོ་དང་ཕལ་པ་ཡོད་པར་བརྗོད་པ། ནུས་ཆེ་ཞེས་པ་ནི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། གོ་རིམ་ཤར་བགྲོད་ཐུབ་པར་བརྗོད་ཀྱི་ཡོད། ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ལ་མཁོ་བ་དང་། གཞི་རིམ་གྱི་རེ་སྒུག དམངས་སེམས་གཏད་ཕྱོགས་བཅས་ལ་དམིགས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་འཛུགས་སྟངས་དང་འགན་ནུས་བཀོད་སྒྲིག་ཡག་པོ་བྱེད་པ། བྱ་བ་རིགས་གཅིག་གི་རྩ་དོན་ཐད་སྡེ་ཚན་གཅིག་གིས་སྤྱི་འདོམས་བྱེད་པ་དང་། བྱ་བ་གཅིག་གི་རྩ་དོན་ཐད་སྡེ་ཚན་གཅིག་གིས་འགན་འཁུར་རྒྱུ་མཐའ་འཁྱོངས་བྱེད་པ། འབྲེལ་ཡོད་ལས་ཁུངས་ཀྱིས་གཞོགས་འདེགས་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། བཀའ་བཀོད་གཏོང་མཁན་མང་བ་དང་། འགན་འཁྲི་ཁ་གསལ་མེད་པ། ཁག་འགན་ཕར་དཀྲི་ཚུར་དཀྲི་བཅས་ཀྱི་གནས་ཚུལ་མི་ཐོན་པ། སེམས་ཐག་གཙང་བཅད་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་གཞི་དང་ལམ་སྲོལ་གྱི་ཞན་ཆ་སེལ་བ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་འཛུགས་སྟངས་དེ་བས་ཚན་རིག་དང་མཐུན་པ་དང་། འགན་ནུས་དེ་བས་བཟང་སྒྲིག འགན་དབང་དེ་བས་མཐུན་སྦྱོར། ལྟ་སྐུལ་དོ་དམ་དེ་བས་ནུས་ལྡན། འཁོར་རྒྱུག་དེ་བས་ནུས་ཆེ་བཅས་ཡོང་བར་བྱེད་དགོས།
         —— ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ནས་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་བྱ་ཐབས་ཤིག་རེད། དེར་བརྟེན་ངེས་པར་དུ་སྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་དང་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཁྲིམས་བཞིན་རྒྱལ་སྐྱོང་དང་། ཁྲིམས་བཞིན་སྲིད་སྐྱོང་། ཁྲིམས་བཞིན་སྲིད་འཛིན་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཁྲིམས་བཞིན་རྒྱལ་སྐྱོང་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་འཛུགས་སྐྱོང་མཐའ་འཁྱོངས་བྱས་ནས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་ཁྲིམས་བཞིན་དང་སྒྲིག་སྲོལ་བཞིན་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་བཞིན་འགན་འཁྲི་སྒྲུབ་པ། ལས་ཁུངས་དང་སྒྲིག་ཁོངས་ལ་ཁྲིམས་བཞིན་དོ་དམ་བཅས་བྱས་ཏེ་ཁྲིམས་སྐྱོང་ཚད་ལྡན་དང་སྒྱུར་བཅོས་འགན་ལེན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཁྲིམས་སྐྱོང་འོག་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་སྒྱུར་བཅོས་གལ་ཆེན་ལ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དགོས་ལ། སྒྱུར་བཅོས་བྱས་པ་བརྒྱུད་ཁྲིམས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྒྱུར་བཅོས་ཁྲོད་ཁྲིམས་སྐྱོང་འཐུས་ཚང་དང་དེར་ཤུགས་སྣོན་རྒྱག་དགོས།
         གཏན་འབེབས་ཀྱི་ནང་དོན་གཙོ་བོའི་གྲས་སུ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་དང་མཐའ་འཁྱོངས་བྱེད་པ་དང་། སྲིད་གཞུང་གི་ལས་ཁུངས་འཛུགས་སྟངས་དང་འགན་ནུས་བཀོད་སྒྲིག་ལེགས་སུ་གཏོང་བ། ཏང་སྲིད་དམག་དང་མང་ཚོགས་ཀྱི་ལས་ཁུངས་སྒྱུར་བཅོས་ལ་སྤྱི་འདོམས་བྱེད་པ། ས་གནས་ཀྱི་ལས་ཁུངས་བཀོད་སྒྲིག་ལུགས་མཐུན་བྱེད་པ། ལས་ཁུངས་ཀྱི་སྒྲིག་ཁོངས་ཁྲིམས་འཁོད་ཅན་ལ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་གིས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཚུད་ཡོད།
          གཏན་འབེབས་ཀྱི་མཇུག་ཏུ་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྒྲིག་ཁྲིམས་ནན་དུ་བཏང་ནས་ལས་ཁུངས་ཀྱི་སྒྱུར་བཅོས་ཇུས་གཞི་ཏང་ཀྲུང་དབྱང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་གཞི་ནས་ལག་བསྟར་བྱ་ཆོག་པ་ལས་རང་མཚམས་ཀྱིས་བྱ་སྤྱོད་སྤེལ་མི་རུང་ལ་འུར་ཐེངས་གཅིག་ལ་བྱེད་འགོ་ཚུགས་རྒྱུ་མེད། འབྲེལ་ཡོད་ཀྱི་གཏན་འབེབས་ལག་བསྟར་ནན་ཏན་བྱས་ནས་ལས་བྱེད་པ་འཕྲལ་དུ་གོ་གནས་སྤོར་རྒྱུ་གཏན་འགོག་བྱེད་པ་དང་། ནོར་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་སྟེ་གཞུང་ཁོངས་རྒྱུ་ནོར་བར་ཐིམ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།
         རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་འཛུགས་ཞིབ་ཚགས་བྱེད་པ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཀྱི་འགན་འཁྲི་སྒྲུབ་དགོས། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་བརྒྱུད་རིམ་ནང་ལྷག་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པའི་ཞིབ་འཇུག་དང་ཐག་གཅོད་ལ་དམ་འཛིན་ནན་པོ་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་ཡང་དག་བྱེད་པ། སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ནས་ལས་དོན་ཁག་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
          གཏན་འབེབས་ནང་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་བསམ་བློ་གཅིག་གྱུར་དང་། བྱ་སྤྱོད་གཅིག་གྱུར། བློ་རྩ་བརྟན་པོས་སྒྱུར་བཅོས་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་ཁག་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་པ་དང་། མ་ལག་འཐུས་ཚང་དང་། ཚན་རིག་དང་མཐུན་ལ་ཚད་ལྡན། འཁོར་རྒྱུག་ནུས་ཆེ་བཅས་ཀྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་རྒྱུན་ཆད་མེད་པར་བསྐྲུན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།