མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཚོགས་
འདུའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་དང་པོ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་05ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་4ཉིན་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲེན་ཧྲུའུ་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིར་བདམས་པ་རེད། དུས་མཚུངས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིར་བདམས་པའི་གྲས་སུ་ད་དུང་ཁྲེན་ཤིས་དང་། ཝང་ཁྲེན། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་གཡོད་གཡོད། ཅི་པིང་ཤོན། ཨེ་ལི་ཀེང·དབྱི་མིང་པ་ཧའེ། དབན་ཨེ་ཤང་། ཁྲེན་ཀྲུའུ་བཅས་ཡོད་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་འདུའི་ཐོག་བདམས་ཐོན་བྱུང་བའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ཚེས་4ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུར་ཕེབས་དགོས་པའི་མི་190ཡོད་པ་དང་། དངོས་སུ་མི་187ཕེབས་པ། མི་3ཕེབས་མེད་པས་ཚོགས་ཞུགས་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་གྲོས་རིམ་གྱི་ལམ་སྲོལ་ལ་གཞིགས་ནས་ཚོགས་འདུའི་ཐོག དང་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གཙོ་སྐྱོང་གནང་ནས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བདམས་པ་རེད།
          ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་འགན་འཁྲི་ནི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་སྐོང་བསྡུ་དང་འབྲེལ་གཙོ་སྐྱོང་བྱ་རྒྱུ་དེ་ཡིན་པ་དང་། ཀྲུའུ་ཞི་ཚོགས་པའི་འགན་བབ་དབང་ཆའི་ཁྱབ་ཁོངས་སུ་ཚུད་པའི་དོན་ཚན་དག་ཀྲུའུ་ཞི་ཚོགས་པར་གྲོས་འགོ་འདོན་ཆོག་པ་དང་འབྲེལ་ཚོགས་འདུའི་ཉིན་རེའི་ལས་རིམ་བཀོད་སྒྲིག་ཐད་དགོས་ངེས་ཀྱི་ལེགས་སྒྲིག་བྱ་ཆོག་པ་དང་། འཐུས་མི་ཚོགས་པའི་ཚོགས་གཙོའི་ཚོགས་འདུ་འཚོག་ཆོག་པ་དང་། གྲོས་གཞི་དང་འབྲེལ་ཡོད་སྙན་སྒྲོན་གྱི་གནད་དོན་གལ་ཆེན་དག་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་ཉན་ཏེ་གྲོས་བསྡུར་བྱེད་པ་དང་འབྲེལ་གྲོས་བསྡུར་བྱས་པའི་གནས་ཚུལ་དང་བསམ་འཆར་ཀྲུའུ་ཞི་ཚོགས་པར་སྙན་སྒྲོན་ཞུ་བ། གལ་ཆེན་དང་ཆེད་མངགས་རང་བཞིན་གྱི་གནད་དོན་འཐུས་མི་ཚོགས་པས་བདམས་པའི་འབྲེལ་ཡོད་ཀྱི་འཐུས་མི་སྐོང་བསྡུ་བྱས་ནས་གྲོས་བསྡུར་བྱ་ཆོག་པ་དང་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པའི་གནས་ཚུལ་དང་བསམ་འཆར་ཀྲུའུ་ཞི་ཚོགས་པར་སྙན་ཞུ་འབུལ་དགོས་པ་བཅས་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འོས་འདེམས་གཏན་འཁེལ་བྱུང་རྗེས། ཀྲང་ཏེ་ཅང་གིས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རྣམས་ཀྲུའུ་ཞི་སྡིངས་ཆར་གདན་འདྲེན་ཞུས་ནས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲུའུ་ཞི་སྡིངས་ཆར་ཕེབས་པ་དང་ཀྲང་ཏེ་ཅང་གིས་ཁོང་རྣམ་པ་དང་རེ་རེ་བཞིན་ཕྱག་བཏང་གནང་ནས་གུས་འདུད་ཞུས་པ་རེད། དེའི་རྗེས་སུ་ཀྲང་ཏེ་ཅང་གིས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལི་ཀྲེན་ཧྲུའུ་ཡི་ཕེབས་རོགས་འོག་ཚོགས་འདུའི་ཚོམས་ཆེན་ནས་ཞལ་གྱེས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད། དེ་རྗེས་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ལི་ཀྲེན་ཧྲུའུ་ཡི་གཙོ་སྐྱོང་གནང་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཉིན་རེའི་གྲོས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཉིན་རེའི་གྲོས་རིམ་ལ་གཞིགས་ན། ཐེངས་འདིའི་ཚོགས་ཆེན་ཟླ་3ཚེས་5ཉིན་གྱི་སྔ་དྲོ་འགོ་འཛུགས་རྒྱུ་དང་། ཟླ་3ཚེས་20ཉིན་གྱི་སྔ་དྲོ་གྲོལ་རྒྱུ་ཡིན་ཞིང་། འཚོག་ཡུན་ཉིན་བཅོ་ལྔ་དང་ཉིན་ཕྱེད་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལས་ཀའི་གྲོས་རིམ་གྱི་ལམ་སྲོལ་ལ་གཞིགས་ན། ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་བདམས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཁག་གཅིག་གིས་ཚོགས་ཆེན་མི་རེ་ངོ་རེའི་ཚང་འཛོམས་ཚོགས་འདུའི་ལག་བསྟར་ཀྲུའུ་ཞིའི་འགན་སོ་སོར་འཁུར་རྒྱུ་དང་། བརྡས་ཐག་བཅད་པ་བརྒྱུད་ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཚང་འཛོམས་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་འདེམས་དགོས་ཀྱི་ཡོད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཤིན་ཁྲུན་དབྱིང་དང་། ཧན་ལི་ཕིང་། ཅང་ཤིན་ཀྲི། ལི་པའོ་རུང་། ཀྲང་ཡེ་སུའེ་བཅས་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པར་གཏན་འབེབས་བྱས་པ་དང་། ཀྲང་ཡེ་སུའེ་ཡིས་ཚོགས་ཆེན་གྱི་མགྲིན་ཚབ་པ་གཅིག་ལྕོགས་གནང་རྒྱུར་གཏན་འཁེལ་བྱས་པ་རེད། ཚོགས་ཆེན་ཐོག་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བརྡས་ཐག་གཅོད་པའི་གྲོས་འགོའི་བྱ་ཐབས་གཏན་འབེབས་བྱས་པ་རེད། ཚོགས་འདུའི་ཐོག་ད་དུང་འཐུས་མིས་གྲོས་འགོ་འདོན་འཚམས་འཇོག་པའི་དུས་ཚོད་ཟླ་3ཚེས་14ཉིན་གྱི་ཆུ་ཚོད་12བར་ཡིན་པའི་གཏན་འབེབས་བྱས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྒྲིག་འཛུགས་བཅའ་ཁྲིམས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལས་ཀའི་གྲོས་རིམ་གྱི་ལམ་སྲོལ་གཞིར་བཟུང་འཐུས་མི་ཚོགས་པ་གཅིག་གམ་ཡང་ན་མི་30ཡན་གྱི་འཐུས་མིའི་མིང་འབྲེལ་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འགན་དབང་ཁྱབ་ཁོངས་སུ་ཚུད་པའི་གྲོས་གཞི་འདོན་ཆོག་གི་ཡོད། ཚོགས་ཆེན་ཚོགས་རིང་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མི་ཚོགས་པ་དང་འཐུས་མིར་བཏོན་པའི་གྲོས་གཞིར་ཞིབ་འཇུག་བྱས་ཏེ་ཐག་གཅོད་བྱེད་པའི་བསམ་འཆར་བཏོན་ནས་ཀྲུའུ་ཞི་ཚོགས་པར་སྙན་ཞུ་ཕུལ་ཏེ་གཏན་འབེབས་བྱ་རྒྱུ་རེད།