མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྱིས་
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་
གྱི་ཨུ་ཡོན་ལ་ཁག་སོ་སོར་གཟིགས་པ་མ་ཟད་གྲོས་བསྡུར་ནང་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་05ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་གཙོ་སྐྱོང་བ་དབང་དབྱང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཧན་ཀྲེང་བཅས་ཀྱིས་ཚེས་4ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་གྱི་ཨུ་ཡོན་ལ་ཁག་སོ་སོར་གཟིགས་པ་མ་ཟད་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་ནས་ཚང་མ་དང་ཐུན་མོང་ཐོག་རྒྱལ་དོན་གླེང་གནང་བ་རེད།
         ཚེས་4ཉིན་གྱི་ཕྱི་དྲོ། ལི་ཁེ་ཆང་དཔལ་འབྱོར་དང་ཞིང་ལས་རིགས་ཁོངས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་པ་དང་། ལིའུ་ཧྲི་ཅིན་དང་། ལི་ཡན་ཧུང་། དབྱང་ཧྥེང་ཅི་སོགས་ཨུ་ཡོན་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། གསར་གཏོད་ལ་བརྟེན་པའི་སྐུལ་འདེད། གྲོང་གསེབ་དར་རྒྱས་སོགས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གཏམ་བཤད་གནང་བ་རེད། ལི་ཁེ་ཆང་གིས་ཚང་མ་དང་སྤེལ་རེས་གནང་ཞིང་། ཁོང་གིས་འདས་ཟིན་པའི་ལོ་5ཡི་རིང་ཧ་ཅང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་མདུན་དུ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འགག་སྒྲོལ་དཀའ་སེལ་དང་གྲུབ་འབྲས་འོད་སྟོང་འབར་བ་ཐོབ་པ་ནི་དངོས་གནས་ལས་སླ་པོ་ཞིག་གཏན་ནས་མིན། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་བློ་སེམས་གཅིག་མཐུན་སྒོ་ནས་འབད་འཐབ་བྱས་པའི་འབྲས་བུ་ཡིན་པའི་ནང་སྲིད་གྲོས་ཀྱི་ཨུ་ཡོན་ཚོའི་བློ་གྲོས་དང་ལེགས་སྐྱེས་ཚུད་ཡོད། འདི་ལོ་དཔལ་འབྱོར་འཕེལ་རྒྱས་ཡག་པོ་འགྲོ་བའི་འཕེལ་ཕྱོགས་སྲ་བརྟན་དུ་གཏོང་བར་ངེས་པར་དུ་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་སྒྱུར་བཅོས་སྒོ་དབྱེའི་གསར་གཏོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
          ཚེས་4ཉིན་གྱི་ཕྱི་དྲོ། ལི་ཀྲན་ཧྲུའུ་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་དགུ་གསུམ་ཤེས་རིག་སློབ་ཚོགས་རིགས་ཁོངས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཤིང་། ལི་ཀྲན་ཧྲུའུ་ཡིས་དམངས་གཙོ་ཏང་ཤོག་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་གནད་དོན་གལ་ཆེན་ཐད་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་ལས་དོན་ལ་མཛུབ་ཁྲིད་བྱེད་པ། རང་རྟོགས་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། རང་རྟོགས་ངང་བསམ་བློ་དེ་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་འཐབ་ཇུས་ཀྱི་དམིགས་ཚད་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། བློ་གྲོས་ཀྱི་ཐབས་དང་དངོས་སྒྲུབ་ཀྱི་ཇུས་བཏོན་ནས་བློ་གཅིག་སེམས་གཅིག་ངང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
          ཚེས་4ཉིན་གྱི་སྔ་དྲོ། དབང་དབྱང་ཀྲུང་གུང་རིགས་ཁོངས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཤིང་། དབང་དབྱང་གིས་གཏམ་བཤད་ནན་ཏན་ངང་གསན་རྗེས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་ལ་མི་དམངས་སྲིད་གྲོས་ལས་དོན་ལ་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་དགོས་པ་དང་ཏང་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གུང་རིགས་ཁོངས་ཀྱི་ཨུ་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ། གྲོས་མོལ་ཁྲོད་མཉམ་ལས་ལ་སྐུལ་འདེད་གཏོང་བ། གྲོས་མོལ་ཁྲོད་མཐུན་སྒྲིལ་ཟབ་ཏུ་གཏོང་བ། གྲོས་མོལ་ཁྲོད་ཏང་གི་འགོ་ཁྲིད་མངོན་འགྱུར་ཡོང་བ་བཅས་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་དམིགས་ཏེ་རང་འགན་གཙང་སྒྲུབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
          ཚེས་4ཉིན་གྱི་ཕྱི་དྲོ། ཝང་ཧུའུ་ཉིང་སློབ་གསོ་དང་གསར་འགྱུར་དཔེ་སྐྲུན་རིགས་ཁོངས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཤིང་། ཝང་ཧུའུ་ཉིང་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་མཁས་ཅན་གྱི་ཐབས་མཁས་ཇུས་ལེགས་ལ་བརྟེན་ནས་སློབ་གསོ་དང་གསར་འགྱུར་དཔེ་སྐྲུན་ཁྱབ་ཁོངས་ཀྱི་ཁ་ཕྱོགས་རང་བཞིན་དང་། གཞི་རྩའི་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་གནད་དོན་ལ་རྣམ་བཤད་གལ་ཆེན་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་བ་དང་། སློབ་གསོ་དང་གསར་འགྱུར་དཔེ་སྐྲུན་ལས་དོན་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བར་རྣམ་པ་གསར་པ་བཏོད་ཡོད། རང་རྒྱལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་མྱུར་པོ་གཏོང་བར་གསར་འགྱུར་དཔེ་སྐྲུན་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་མགྱོགས་མྱུར་སྐྲུན་པ། དྲ་སྦྲེལ་འཛུགས་སྐྱོང་དང་དོ་དམ་གཉེར་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྱབ་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། སྤྱི་མོས་ཐོབ་ཚད་བཅས་མཐོ་རུ་གཏོང་དགོས། སློབ་གསོ་དང་གསར་འགྱུར་དཔེ་སྐྲུན་ཁྱབ་ཁོངས་ཀྱི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་སྟོན་ཕྱོགས་སྟངས་འཛིན་ཡག་པོ་དང་། འཐབ་ས་ཡག་པོ་སྲུང་བ། དཔུང་ཁག་སྣེ་ཁྲིད་ཡག་པོ་བཅས་བྱས་ནས་ལས་ཀའི་འགོ་ཁྲིད་ཀྱི་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས་ཞེས་གསུངས་པ་རེད།
         ཚེས་4ཉིན་གྱི་ཕྱི་དྲོ། ཀྲའོ་ལེ་ཅི་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཤིང་། ཨུ་ཡོན་ཧྲི་རུང་ཧོའེ་དང་། མཱ་ཡིའུ་ལི། ཆུས་ཡུང་ཤིས་སོགས་ཀྱི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཀྲའོ་ལེ་ཅིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཀྲུང་གོའི་རླབས་ཆེན་གྱི་གསར་གཏོད་ཅིག་རེད། ཤང་ཀང་དང་ཨའོ་མོན་མེས་རྒྱལ་པང་དུ་ལོག་རྗེས་དུས་དང་རྣམ་པ་ཀུན་ཏུ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་འཛམ་གླིང་ཡོངས་ཀྱིས་ཁས་ལེན་ཐོབ་པའི་གྲུབ་འབྲས་ཐོབ་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱེད་པར། “རྒྱལ་ཁབ་གཅིག”དང“ལམ་ལུགས་གཉིས”ཀྱི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པ་བྱས་ཏེ་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་ལས་དོན་སྒྲུབ་དགོས་པ་དང་། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བདག་སྐྱོང་བྱེད་པའི་དབང་ཆར་སྲུང་སྐྱོང་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆ་འགན་ལེན་བྱ་རྒྱུ་ཟུང་འབྲེལ་ནུས་ལྡན་བྱས་ནས། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
         ཚེས་4ཉིན་གྱི་ཕྱི་དྲོ། ཧན་ཀྲེང་ཀྲུང་གོའི་གོ་མིན་ཏང་གི་གསར་བརྗེ་ཨུ་ལྷན་དང་དམངས་གཙོ་ཡར་སྐུལ་ཚོགས་པ་རིགས་ཁོངས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཤིང་། ཨུ་ཡོན་ཚོའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཧན་ཀྲེང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར། བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཨང་དང་པོར་འཇོག་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་འཕེལ་རྒྱས་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་ཏང་མང་མཉམ་ལས་དང་གྲོས་མོལ་དམངས་གཙོའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་དགོས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བར་དམིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་བེད་སྤྱོད་ཡག་པོ་གཏོང་དགོས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་བྱས་ནས་མི་སེམས་གཅིག་སྒྲིལ་དང་། ཐུན་མོང་གི་ངོས་འཛིན་ཟབ་གཏོང་། སྟོབས་ཤུགས་གཅིག་སྡུད་བཅས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་དྲང་ནུས་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།