མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མི་དམངས་འཐུས་ཚོགས་ཀྱིས་གསར་འགོད་པའི་ཚོགས་འདུ་འཚོགས་ཏེ་ཞིང་ལས་པུའུ་དང་
ནོར་སྲིད་པུའི་དབུལ་སྐྱོར་གཞུང་དོན་ཁང་གི་འགན་འཁུར་བས་གསར་འགོད་
པས་བཏོན་པའི་དྲི་བར་ལན་བསྐྱོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་09ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་7ཉིན་གྱི་སྔ་དྲོ། མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་གསར་འགོད་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་ཧྥུས་ཞིང་ལས་པུའི་གསར་འགྱུར་མགྲིན་ཚབ་པ་གཞུང་ལས་ཐིང་གི་ཀྲུའུ་རེན་ཕན་ཞན་ཀྲེང་གི“གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས”ཞེས་བརྗོད་དོན་གཙོ་བོར་བྱས་པའི་གསར་འགོད་པའི་དྲི་བར་ལན་བཏབ་ཡོད་པ་རེད།
         ཧན་ཁྲང་ཧྥུས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ནི་དུས་རབས་གསར་པའི‘ཞིང་གསུམ’ལས་ཀའི་སྤྱིའི་དམ་འཛིན་བྱེད་གཞི་ཡིན་པས“གལ་ཆེན་གསུམ”དམ་འཛིན་ཡག་པོ་བྱེད་དགོས་པ་དང་། གཙོ་གནད་འཆར་འགོད་བཟོས་ནས་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་བཀོད་ཇུས། ས་ཆ་སྤྱོད་པ། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ་སོགས་ཐད་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ་འཆར་འགོད་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། གལ་ཆེའི་སྲིད་ཇུས་བཏོན་ནས་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། གལ་ཆེའི་བྱ་སྤྱོད་ལག་བསྟར་བྱས་ཏེ་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་ལག་ལེན་ཐོག་འཁྱོལ་བ་བྱེད་དགོས་ཞེས་བཤད་པ་རེད།
         འབྲུ་རིགས་ཀྱི་རིན་གོང་གནད་དོན་སྐོར་གླེང་སྐབས་ཧན་ཁྲང་ཧྥུས་འབྲུ་རིགས་ཉོ་སྒྲུབ་བྱེད་པའི་རིན་གོང་ཁྲོམ་ར་ཅན་དུ་བསྒྱུར་བའི་སྒྱུར་བཅོས་ནི་ཁ་ཕྱོགས་ཆེན་པོ་ཞིག་ཡིན། དེའི་དམིགས་ཡུལ་ནི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད། ཁྲོམ་རས་ཐག་གཅོད་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས་རིན་གོང་ལ་བརྟེན་ནས་ཐོན་སྐྱེད་སྣེ་ཁྲིད་དང་། མཁོ་སྤྲོད་སྙོམས་སྒྲིག ནང་འདྲེན་སྙོམས་སྒྲིག་སྟངས་འཛིན་བཅས་བྱེད་དགོས། འདི་ལོ་རྒྱལ་ཁབ་ཀྱིས་འབྲས་དང་གྲོའི་ཉོ་སྒྲུབ་རིན་གོང་དམའ་ཤོས་སུ་བཅག་པ་དེ་རིན་གོང་ཆག་པའི་ལམ་སྲོལ་སྔར་བས་གསེད་བཀྲོལ་བྱེད་པ་དང་། འབྲུ་རིགས་འདེབས་མཁན་ཞིང་པར་ཐད་ཀར་ཁ་གསབ་བྱེད་པའི་བྱ་ཐབས་བརྒྱུད་ཁ་གསབ་རོགས་སྐྱོར་འོས་འཚམ་བྱ་ཆེད་ཡིན་པས“ཞིང་པའི་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་ལ་ཤུགས་རྐྱེན་ཆེན་པོ་དེ་ཙམ་ཐེབས་མི་སྲིད” གོམ་སྟབས་རྗེས་མར། ཞིང་པས་སྤུས་ལེགས་ཀྱི་ཆུ་འབྲས་འདེབས་འཛུགས་བྱེད་པ་དང་། སྡོང་རྒྱུས་སྦོམ་ཕྲ་གཉིས་ཀྱི་གྲོ་འདེབས་འཛུགས་བྱེད་རྒྱུར་ཁྲིད་སྟོན་བྱེད་པ་དང་དུས་མཚུངས་སྒྱུར་བཅོས་བྱེད་པའི་ཁྲོད་ཁ་གསབ་རོགས་སྐྱོར་དང་འགན་བཅོལ་སོགས་ཀྱི་ལེ་ལག་ཚང་བའི་ལམ་སྲོལ་མྱུར་དུ་འཐུས་ཚང་དུ་བཏང་ནས་ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན་སྲུང་སྐྱོང་བྱེད་དགོས་ཞེས་བརྗོད་པ་རེད།
        འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་གསར་འགོད་པའི་ཚོགས་འདུ་འཚོགས་ནས་ནོར་སྲིད་པུའི་པུའུ་ཀྲང་ཞའོ་ཅེ་དང་། ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ཧྲི་ཡའོ་པིང་དང་ཧུའུ་ཅིང་ལིན་གྱིས་ནོར་ཁྲལ་ལས་དོན་དང་ནོར་སྲིད་སྒྱུར་བཅོས་ཀྱི་འབྲེལ་ཡོད་གནད་དོན་ཐད་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
        འདི་ག་ཚགས་པར་གྱི་གསར་འགོད་པས་བཏོན་པའི“དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་ཤུགས་ཆེན་གཏོང་བའི་རྒྱབ་ལྗོངས་འོག ནོར་སྲིད་ཡོང་འབབ་སྔར་བཞིན་མགྱོགས་མྱུར་འཕར་ཡོད”ཅེས་པའི་གནད་དོན་ལ་ལན་བསྐྱོན་སྐབས། ཞའོ་ཅེས་2017ལོར་རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་80ཡི་སྐས་རིམ་གསར་པར་སླེབས་པ་དེ་དུས་མཚུངས་ལས་6.9%འཕར་བ་དང་། ནོར་སྲིད་ཀྱི་ཡོང་འབབ་དུས་མཚུངས་ལས་7.4%འཕར་བ་དེ་2016ལོ་ལས་བརྒྱ་ཆའི་གྲངས་2.9ཡིས་མཐོ་རུ་ཕྱིན་ཡོད། དཔལ་འབྱོར་གྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཁེ་ལས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དེ་ནོར་སྲིད་ཡོང་འབབ་འཕར་བའི་རྨང་གཞིའི་ཆ་རྐྱེན་དུ་གྱུར་པ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་རིང“ཆུ་བསགས་ནས་ཉ་གསོ་བའི”དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་བའི་སྲིད་ཇུས་བསྟུད་མར་ལག་བསྟར་བྱས་པ་ལས་ཁྲལ་ཁུངས་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་འཕེལ་རྒྱས་ཕྱིན་པ་དེས་ནོར་སྲིད་འབབ་འཕར་ལ་ཆུ་འགོ་ཕྱེ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
        འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་7ཉིན་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གསར་འགོད་པའི་ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཕུའུ་ཡིས“གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུའི”འབྲེལ་ཡོད་གནད་དོན་སྐོར་གྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་འདྲི་བར་ལན་བསྐྱོན་པ་རེད།
        གོམ་སྟབས་རྗེས་མར། ཀྲུང་དབྱང་གིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱ་རྒྱུའི་ཐད། ལིའུ་ཡུང་ཕུའུ་ཡིས་ཀྲུང་དབྱང་གིས“ཁུལ་གསུམ་དང་ཀྲོའུ་གསུམ”སྟེ་བོད་ལྗོངས་དང་། ཤིན་ཅང་ལྷོ་ཅང་གི་ས་ཁུལ་དང་ཀྲོའུ་བཞི། ཞིང་ཆེན་བཞི་ཡི་བོད་རིགས་ས་ཁུལ། སི་ཁྲོན་ལེང་ཧྲན་ཀྲོའུ། ཀན་སུའུ་ཉིང་ཞ་ཀྲོའུ། ཡུན་ནན་རྒྱལ་མོ་རྔུལ་ཆུའི་ཀྲོའུ་བཅས་རྒྱལ་ཁབ་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་བརྩིས་ནས་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་རེད། ཞིང་ཆེན་ཁག་གིས་ཀྱང་ད་དུང་ཤིན་ཏུ་དབུལ་བའི་རྫོང་334དང་ཤིན་ཏུ་དབུལ་བའི་གྲོང་ཚོ་ཁྲི་3གཏན་འཁེལ་བྱ་རྒྱུ་དང་། ཀྲུང་དབྱང་སྲིད་གཞུང་དང་ས་གནས་སྲིད་གཞུང་གིས་ཤིན་ཏུ་དབུལ་བའི་ས་ཁུལ་དེ་དག་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
        དངུལ་རྩའི་དབུལ་སྐྱོར་ཐད་འཇུར་མིག་དང་ཞན་ཆ་གང་ཡོད་དམ། འདི་ལོའི་དངུལ་རྩའི་དབུལ་སྐྱོར་ཐད་ལས་དོན་གང་ཞིག་བཀོད་སྒྲིག་བྱས་ཡོད་དམ། ལིའུ་ཡུང་ཕུའུ་ཡིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། དངུལ་རྩའི་དབུལ་སྐྱོར་ལ་གནམ་ས་གསར་པ་ཞིག་བཏོད་ཡོད་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་བཀྲག་མདངས་འཚེར་ས་ཞིག་ཀྱང་རེད། མིག་སྔར་དངུལ་རྩའི་དབུལ་སྐྱོར་ཐད་བྱེད་ཐབས་གསུམ་ཡོད་པ་སྟེ། གཅིག་ནི་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་ཡིན་པ་དང་། 2014ལོའི་ལོ་མཇུག་ཏུ་སྲིད་ཇུས་བཏོན་རྗེས་རིམ་རྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར་4300ལྷག་ཙམ་བཏང་བ་དེས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་1100ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་དང་། གཉིས་ནི་དབུལ་སྐྱོར་ཐད་སླར་ཡང་དངུལ་བུན་བཏང་ནས་མིག་སྔར་དངུལ་བུན་སྒོར་དུང་ཕྱུར་1600ལྷག་ཙམ་ཟིན་པ། གསུམ་ནི་དངུལ་རྩའི་བུ་ལོན་ཡིན་པ་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་དངུལ་བུན་སྒོར་དུང་ཕྱུར་3500ཡན་བཏང་ནས་ཡུལ་གཞན་གྱི་དབུལ་སྐྱོར་གནས་སྤོས་ལ་རྒྱབ་སྐྱོར་བྱས་ཡོད་ཅེས་བཤད།