མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་དུད་ཚང་དབུལ་པོ་རྒྱ་ཁྱབ་ངང་ཞུགས་པའི་ཡུལ་སྐོར་དབུལ་སྐྱོར་
ཐོན་རྫས་གསར་སྤེལ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་09ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་《མིག་སྔའི་ཡུལ་སྐོར་དབུལ་སྐྱོར་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་བརྡ་ཐོ་》(གཤམ་དུ“བརྡ་ཐོ”ཞེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་ཤིང་། བརྡ་ཐོའི་ནང་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཇུས་ཆེན་མཐའ་འཁྱོངས་དང་སྤུས་ལེགས་ཡུལ་སྐོར་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གཙོ་གནད་དུ་བྱས་ནས་ཡུལ་སྐོར་དབུལ་སྒྲོལ་གྱི་སྤུས་ཚད་དང་གྲུབ་འབྲས་སྔར་བས་ལེགས་སུ་གཏོང་བ་དང་། ས་ཁུལ་དབུལ་པོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མི་འབོར་དབུལ་པོའི་དབུལ་སྒྲོལ་དང་འབབ་འཕར་ལ་སྐུལ་ཁྲིད་ནུས་ལྡན་བཅས་བྱས་ཏེ་དུས་རབས་གསར་པའི་གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་མཐའ་གཅིག་ཏུ་རྒྱག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         བརྡ་ཐོའི་ནང་ཕྱོགས་དྲུག་ཐད་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་བསྟན་པ་སྟེ། དེའི་ནང་གནད་ལ་འཕིགས་པའི་སྒོ་ནས་དམིགས་ཚད་ལ་དམིགས་རྒྱུ་དང་། སྲིད་ཇུས་དོན་འཁྱོལ་ནན་ཏན་བྱ་རྒྱུ། ཆེད་དོན་འཆར་འགོད་སྒྲིག་བཟོ་བྱ་རྒྱུ། ཆེད་དོན་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ། ཆེད་དོན་ཚོང་གཉེར་བྱེད་སྒོ་སྤེལ་རྒྱུ། ཆེད་དོན་གསོ་སྦྱོང་བྱ་རྒྱུ་སོགས་ཚུད་ཡོད་པ་རེད།
         གནད་ལ་འཕིགས་པའི་སྒོ་ནས་དམིགས་ཚད་ལ་དམིགས་རྒྱུའི་ཐད། བརྡ་ཐོའི་ནང་ས་གནས་ཀྱི་དབུལ་སྒྲོལ་འཕེལ་རིམ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་དོན་དངོས་གཞིར་བཟུང་། ཡུལ་སྐོར་ཐོན་ཁུངས་བཟང་བ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆ་རྐྱེན་ཚང་བའི་ས་ཁུལ་དབུལ་པོར་སྔར་བས་དམིགས་པ་དང་། མི་འབོར་དབུལ་པོར་དམིགས་ནས་གནད་ལ་འཕིགས་པའི་སྲིད་ཇུས་ལག་བསྟར་བྱེད་པ། ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ནས་ནུས་ཤུགས་གཅིག་སྡུད་འདོན་པ། ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཡུལ་སྐོར་འཕེལ་རྒྱས་བཏང་ནས་དུད་ཚང་དབུལ་པོའི་ཡོང་འབབ་མང་དུ་གཏོང་བ་བཅས་ལ་བརྟེན་ནས་མི་འབོར་དབུལ་པོའི་ཐོབ་ཚོར་ཆེ་རུ་གཏོང་དགོས་པ་བསྟན་ཡོད།
         སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་པའི་ཐད། བརྡ་ཐོའི་ནང་ཕྱོགས་ཁག་གི་དབུལ་སྐྱོར་མ་དངུལ་དང་དབུལ་སྐྱོར་དམངས་ཕན་སྲིད་ཇུས་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་ལ་ཕྱོགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། རིགས་ཁག་གི་དངུལ་རྩའི་སྒྲིག་གཞིར་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་ཀྱི་མ་རྩ་མཉམ་འདྲེས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བའི་བསྔགས་སྐུལ་དང་རྒྱབ་སྐྱོར་བྱས་ཏེ་ཐབས་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་བསྟན་ཡོད།
         ཆེད་དོན་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད། བརྡ་ཐོའི་ནང་ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་རྣམ་པ་སྣ་ཚོགས་དང་། ཁྱད་ཆོས་མངོན་གསལ་དོད་པ། དུད་ཚང་དབུལ་པོ་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་ཁྲིད་ཐུབ་པ་བཅས་ཀྱི་ཡུལ་སྐོར་དབུལ་སྐྱོར་ཐོན་རྫས་གསར་སྤེལ་བྱེད་པ་དང་། ཞིང་པའི་སྤྲོ་སྐྱིད་ཁང་དང་། ཉ་པའི་སྤྲོ་སྐྱིད་ཁང་། འབྲོག་པའི་སྤྲོ་སྐྱིད་ཁང་། སོས་དལ་ཞིང་གྲོང་། ནགས་ཚལ་མི་ཁྱིམ་སོགས་བརྗོད་དོན་གཙོ་བོའི་གྲོང་གསེབ་ཀྱི་སྤྲོ་གསེང་ཐོན་རྫས་ཁག་གཅིག་འཕེལ་རྒྱས་གཏོང་བ། རང་བྱུང་མཛེས་ལྗོངས་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ། སྲོལ་རྒྱུན་གྲོང་མི་བཅས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་སྐྲུན་པ། ཤིང་ཏོག་འཐུ་བ་དང་། ཉ་འཛིན་པ། ཞིང་ལས་ཉམས་ལེན་སོགས་ཀྱི་ཡུལ་སྐོར་རོལ་རྩེད་བྱེད་སྒོ་ཁག་གཅིག་འཆར་འགོད་བྱེད་པ། རྐང་ཐང་ལུས་སྦྱོང་དང་གྲོང་གསེབ་ལུས་རྩལ་གྱི་སོས་དལ་ལུས་རྩལ་གསར་སྤེལ་བྱེད་པ། སྒེར་འཁོར་དང་སྡོད་ཁང་རླངས་འཁོར་གྱི་སྒར་ས་རྒྱག་པ་དང་། གུར་རྒྱག་པ། གྲོང་གསེབ་ཏུ་ཞག་སྡོད་བྱེད་པ་སོགས་ཀྱི་བྱེད་སྒོ་གསར་པ་གཏོད་པ། སྣ་མང་ཕུན་སུམ་ཚོགས་པའི་གྲོང་གསེབ་ཀྱི་ཁྱད་ལྡན་རིག་རྩལ་དང་རྟེན་འབྲེལ་བྱེད་སྒོ་སྤེལ་བ་བཅས་བྱེད་དགོས་པ་བསྟན་ཡོད།