མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་
བཅས་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་
ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་09ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་
བཅས་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་
ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ།

          མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཧན་ཀྲེང་བཅས་སོ་སོར་ཚེས་7ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ་རེད།
          ཞི་ཅིན་ཕིང་ཀོང་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཚོགས་འདུའི་ཐོག་ལི་ཤིས་དང་། མཱ་ཤིན་རུའེ། མཱ་ཧྭ་ཐེང་། ཡོན་ཡུས་ཡུས། སྨི་ཞོལ་མེ། ཧོང་ཅན་ཕིང་། ལིའུ་རའོ་ཕུང་། ལི་ཅིན་ཏུང་བཅས་འཐུས་མི་8ཀྱིས་སྔ་རྗེས་སུ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་མགྱོགས་སུ་གཏོང་བ་དང་། དྲ་སྦྲེལ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། ཏང་འཛུགས་སྐྱོང་གི་རིག་གནས་ལ་བརྟེན་ནས་དམངས་གཉེར་ཁེ་ལས་ཀྱི་རིག་གནས་འཛུགས་སྐྱོང་གི་སྣེ་འཁྲིད་པ། དམག་དམངས་མཉམ་འདྲེས་ངང་འབྱུང་རྩ་ནས་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་འཐབ་ཇུས་ལག་བསྟར་སོགས་ཀྱི་གནད་དོན་ཐད་དགོངས་འཆར་གསུངས་པ་རེད། ཐོན་ལས་གསར་གཏོད་དང་ཤེས་ལྡན་པ་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུའི་སྐོར་གྱི་ཡོན་ཡུས་ཡུས་ཀྱི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་འཕེལ་རྒྱས་ནི་ལས་འགན་གལ་ཆེན་ཨང་དང་པོ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་བཅས་ཡིན། ཀྲུང་གོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འགྲོ་ལམ་ཐོག་མ་བསྐྱོད་ཚེ་འགུལ་ནུས་གསར་རྙིང་བདེ་བླག་ངང་བརྗེ་སྒྱུར་མི་ཐུབ་ཁར་དངོས་འབྲེལ་གྱི་སྟོབས་དང་ལྡན་པ་ཞིག་ཡོང་མི་ཐུབ། སྟོབས་དང་ལྡན་པ་ཞིག་ཡོང་བ་བྱེད་པར་གསར་གཏོད་ལ་བརྟེན་དགོས་པ་དང་གསར་གཏོད་བྱེད་པར་ཤེས་ལྡན་པར་བརྟེན་དགོས་པའི་ནན་བཤད་གནང་བ་རེད། སྨི་ཞོལ་མེས་གླེང་བའི་གནད་དོན་ལ་དམིགས་ཏེ་ཞི་ཅིན་ཕིང་གིས་འབྱུང་འགྱུར་རང་རྒྱལ་དུ་ད་དུང་མི་གྲངས་དུང་ཕྱུར་གསུམ་བཞི་གྲོང་གསེབ་ཏུ་འཚོ་བ་སྐྱེལ་རྒྱུ་ཡིན་པར་བརྟེན་གྲོང་གསེབ་འཕེལ་རྒྱས་དང་གྲོང་ཁྱེར་ཅན་དུ་འགྱུར་རྒྱུ་ཆར་པ་ཆུ་གྲོགས་དང་གཅིག་ཕན་གཅིག་གྲོགས་ཡོང་བ་བྱེད་དགོས། དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་ང་ཚོས་མི་ཚོར་ཀུན་སྤྱོད་བློ་སྦྱོང་དང་། རྒྱུ་དག་བཟང་པོ་རྒྱུན་འཁྱོངས། གཅེས་སེམས་ཆེར་གཏོང་བཅས་ལ་གཙིགས་ཆེན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་རོགས་པ་བྱེད་དགོས་རིགས་ཚང་མར་དགའ་གཅེས་དང་རོགས་རམ་བྱེད་དགོས། གུང་ཁྲན་ཏང་ནི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་བྱེད་མཁན་ཞིག་ཡིན་པས་མི་དམངས་མང་ཚོགས་ཕྱོགས་གང་གི་ཐད་ལ་བདེ་སྐྱིད་མེད་པ་དང་། སྤྲོ་སྣང་མེད་པ། ཡིད་མི་ཚིམ་པ་སོགས་ཡོད་ཚེ་ང་ཚོས་དེའི་ཐད་འབད་བརྩོན་བྱས་ནས་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཆེད་དཀའ་ངལ་སེལ་རོགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། མཇུག་མཐའི་གསུང་བཤད་གལ་ཆེན་ནང་ཞི་ཅིན་ཕིང་གིས་རྩ་ཁྲིམས་ཀྱི་བཟོ་བཅོས་མ་ཟིན་གྱི་འཆར་ཟིན་ལ་ཡོངས་སུ་མོས་མཐུན་ཡོད་ཅེས་གསུངས་ཤིང་། ཁོང་གིས་རང་རྒྱལ་གྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ཀྱི་ནང་དོན་ཆ་ཤས་ལ་བཟོ་བཅོས་རྒྱག་རྒྱུ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་གནང་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་མ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་མ་ཟིན་གྱི་འཆར་ཟིན་གྲུབ་རིང་དམངས་གཙོ་དར་སྤེལ་གང་ལེགས་བཏང་ནས་ཕྱོགས་ཁག་གི་བློ་གྲོས་གཅིག་ཏུ་བསྡུས་པས་ཏང་དང་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་མཚོན་ཡོད། ཞི་ཅིན་ཕིང་གིས་ཀོང་ཏུང་ནི་སྒྱུར་བཅོས་སྒོ་འབྱེད་ཀྱི་གདོང་ལེན་དམག་དང་། སྔོན་སྐྱོད་ཀྱི་ཡུལ། ཚོད་ལྟ་ཁུལ་བཅས་ཡིན་པས་རང་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་གལ་འགངས་ཤིན་ཏུ་ཆེ་བའི་གནས་བབ་དང་ནུས་པ་ལྡན་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀོང་ཏུང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་ཀོང་ཏུང་གི་བློ་མཐུན་ཚོར་སྔར་བས་བསམ་བློར་བཅིངས་འགྲོལ་དང་། སྒྱུར་བཅོས་གསར་གཏོད། དངོས་འཛིན་དངོས་སྒྲུབ། འབད་འབུངས་ཡར་བརྩོན་དང་། བྱས་རྗེས་གསར་པ་དེ་བས་ཆེ་བ་འཇོག་པའི་སྒོ་ནས་ཀོང་ཏུང་གི་ལས་དོན་ཐད་རྣམ་པ་གསར་པ་གཏོད་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་དཔལ་འབྱོར་མ་ལག་གཏོད་པ། ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་གྲུབ་པ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གྲུབ་རྒྱུའི་ཐད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཞི་ཅིན་ཕིང་གིས་རང་རྒྱལ་གྱི་དཔལ་འབྱོར་འདི་ཉིད་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་། དཔལ་འབྱོར་གྱི་གྲུབ་ཆ་བཟང་སྒྲིག འཕར་བའི་སྒུལ་ཤུགས་བསྒྱུར་བ་བཅས་ཀྱི་འགག་སྒྲོལ་དུས་མཚམས་སུ་སླེབས་ཡོད། དེ་ནི་ངེས་པར་དུ་མཆོང་སྐྱོད་བྱེད་དགོས་པའི་འགག་གནད་ཅིག་རེད། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་གཞི་དང་ལམ་སྲོལ་འཛུགས་རྒྱུ་ནི་ཆ་ལག་ཚང་བའི་འདུ་འགོད་ཅིག་ཡིན་པས་ཁྱོན་ཡོངས་ནས་བསམ་བློ་གཏོང་བ་དང་། མིག་རྒྱང་རིང་དུ་སྲིང་བ། གཙོ་གནད་མངོན་གསལ་དོད་པོ། འགག་རྩར་དམ་འཛིན་བཅས་ཡོང་བ་བྱེད་དགོས། ཕྱོགས་ཡོངས་ནས་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་བཀོད་སྒྲིག་གི་ནུས་ཕྱོད་དང་ལས་ཕྱོད་མཐོ་རུ་གཏོང་བ། ཐོན་ཁུངས་ལེགས་ལྡན་ཁེ་ལས་དང་ཐོན་ཟོག་ལ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ། གསར་གཏོད་ཀྱི་རྒྱུ་ཆ་རང་དབང་འཁོར་རྒྱུག་དང་གཅིག་སྡུད་ཡོང་བར་སྐུལ་མ་གཏོང་བའི་ཐོག་ནས་གསར་གཏོད་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བའི་སྒུལ་ནུས་ཆེན་པོ་ཞིག་ཏུ་འགྱུར་བ་བྱས་ཏེ། སྤུས་ལེགས་ཀྱི་ལམ་ལུགས་མཁོ་སྤྲོད་དང་། ཞབས་ཞུ་མཁོ་སྤྲོད། རྒྱུ་ཆ་མཁོ་སྤྲོད་དང་ཆ་ལག་ཚང་བའི་ཁྲོམ་རའི་མ་ལག་གིས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བའི་ཡིད་དབང་འཕྲོག་ཤུགས་དང་འགྲན་ནུས་ཆེ་རུ་བཏང་སྟེ་ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་གསུང་གནང་ཞིང་། ཞི་ཅིན་ཕིང་གིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་རྒྱུ་དེ་ང་ཚོས་འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་འགྲོ་བའི་རླབས་རྒྱུན་ལ་སྣེ་ཁྲིད་བྱེད་ཐུབ་མིན་དང་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་རང་འགུལ་དབང་ཆ་ཐོབ་མིན་དང་འབྲེལ་བ་ཡོད་ལ། ང་ཚོས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱེད་ཐུབ་མིན་དང་ཡང་འབྲེལ་བ་ཡོད་པས། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་སྔར་བས་གཙིགས་ཆེན་བྱས་ཏེ་ཆ་འཕྲིན་ལག་རྩལ་རབས་གསར་པ་དང་། རྩེར་སོན་སྒྲིག་ཆས་བཟོ་སྐྲུན། ལྗང་མདོག་ཐཱན་ཉུང་། སྐྱེ་དངོས་གསོ་རིག གྲངས་གཞིའི་དཔལ་འབྱོར། རྒྱུ་ཆ་གསར་པ། རྒྱ་མཚོའི་དཔལ་འབྱོར་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཐོན་ལས་མ་ལག་གི་ཀ་རྟེན་གསར་པ་ཞིག་ཏུ་སྐྲུན་དགོས། དཔའ་བོས་རང་ལག་གཅོད་ཕོད་པའི་བློ་སྟོབས་དང་བློ་ཐག་ཆོད་པས་སྦགས་བཙོག་ཆེ་ཞིང་བཙོག་དངོས་འབུད་གཏོང་ཆེ་བའི་ཐོན་ལས་དང་ཁེ་ལས་མེད་པ་བཟོས་ནས་གསར་དར་ཐོན་ལས་ལ་འཕེལ་རྒྱས་གཏོང་གཞི་གཏོད་དགོས། ཚན་རྩལ་གསར་གཏོད་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཞིག་ཡིན་པས། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོར་དམིགས་ནས་རྒྱལ་ཁབ་ཀྱི་ཚན་རྩལ་རྣམ་གྲངས་གཙོ་བོ་རང་རྟོགས་ངང་ལེན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་ཤེས་ལྡན་པ་ནང་འདྲེན་བྱེད་པ། ཁེ་ལས་འབྲིང་ཆུང་གི་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་སྒོ་ནས་རང་རྟེན་གྱི་ཤེས་བྱའི་བདག་དབང་དང་སྲོག་ཤིང་གི་འགྲན་ནུས་ལྡན་པའི་གསར་གཏོད་རྣམ་པའི་ཁེ་ལས་སྔར་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་ནན་གསུངས་གནང་ཡོད། ཞི་ཅིན་ཕིང་གིས་མིག་རྒྱང་སྔར་བས་རིང་བ་དང་། དམིགས་ཚད་ཀྱི་བླང་བྱ་སྔར་བས་མཐོ་བ། བྱེད་ཐབས་སྔར་བས་ནུས་ལྡན་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་བཏང་སྟེ་བང་རིམ་སྔར་བས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཡོང་བ་དང་། ཉོ་ཚོང་གི་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱས་ནས“རྒྱུད་གཅིག་ལམ་གཅིག”བསྐྲུན་པའི་ནང་ཧུར་ཐག་ཞུགས་ཏེ་གསར་གཏོད་ནུས་པའི་སྒོ་འབྱེད་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེ་མོར་འཛུགས་སྐྲུན་བྱེད་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས་ཤང་ཀང་དང་ཨའོ་མོན་དང་མཉམ་དུ་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་རྒྱལ་སྤྱིའི་རྩེར་སོན་མཚོ་ཁུག་དང་འཛམ་གླིང་རིམ་པའི་གྲོང་ཁྱེར་ཚོམས་གཏོད་དགོས་ཞེས་ནན་གསུངས་གནང་བ་རེད། ཞི་ཅིན་ཕིང་གིས་སྤྱི་ཚོགས་བཅོས་སྐྱོང་ནུས་ལྡན་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་ཡག་པོ་ཞིག་ཆགས་པ་བྱས་ནས་སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ་དང་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བ་བྱས་ཏེ་ཐོབ་སེམས་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཟབ་པ་དང་། འགན་ལེན། རྒྱུན་མཐུད་བཅས་ཡོང་བ་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་གཞི་གསར་གཏོད་བྱས་ནས་ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་གཞི་རིམ་ལ་ཁྱབ་པ་བྱས་ཏེ་གཞི་རིམ་བཅོས་སྐྱོང་བྱ་བ་དེ་གཞི་རིམ་གྱི་ཏང་འཛུགས་སྐྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་ཕྱོགས་མི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་དང་བྱེད་ཐབས་རྒྱ་ཆེར་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་ནང་མི་ཚང་མ་ཞུགས་པ་དང་ཚང་མས་འགན་འཁྲི་འཁུར་བའི་རྣམ་པ་བཟང་པོ་ཞིག་མགྱོགས་མྱུར་ཆགས་པ་བྱེད་དགོས། ཁྲིམས་སྐྱོང་སྲོལ་ལམ་ཐོག་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་འདོམས་དང་། སྤྱི་ཚོགས་ཀྱི་ཁེ་ཕན་དོ་སྙོམས། སྤྱི་ཚོགས་ཀྱི་འབྲེལ་བ་ལེགས་སྒྲིག སྤྱི་ཚོགས་ཀྱི་བྱ་སྤྱོད་ཚད་ལྡན། སྤྱི་ཚོགས་ཀྱི་འགལ་བ་སེལ་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་ཁྲིམས་ལུགས་འཐུས་ཚང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་བཅོས་སྐྱོང་བྱེད་མཁས་པོ་འགན་ལེན་བྱས་ནས་མི་དམངས་མང་ཚོགས་རྣམས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེ་ནས་དྲང་གཞག་དྲང་བདེན་གྱི་ཚོར་སྣང་སྦྱིན་ཏེ་ཁྲིམས་ལུགས་ལ་བརྩི་བ་དང་། ཁྲིམས་ལུགས་སྦྱོང་བ། ཁྲིམས་ལུགས་སྲུང་བ། ཁྲིམས་ལུགས་སྤྱོད་པ་བཅས་བྱ་རྒྱུ་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་དོན་གཉེར་བྱ་ཡུལ་དུ་བསྒྱུར་ནས་འཕོ་འགྱུར་ཆེན་པོའི་ཁྲོད་སྤྱི་ཚོགས་ལ་གསོན་ཤུགས་རྒྱས་པ་དང་སྒྲིག་ལམ་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱེད་དགོས། དུས་རབས་གསར་པར་ཏང་འཛུགས་སྐྱོང་བྱེད་པའི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་རིམ་ཁག་ཏང་རྩ་འཛུགས་སྔར་བས་སྟོབས་དང་ལྡན་པ་ཞིག་ཡོང་བར་སྦྱོང་བརྡར་ཧུར་ཐག་སྤྲོད་པ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་བྱ་བ་ཆུང་ཙག་ནས་འགོ་འཛུགས་པ་དང་དམ་འཛིན་བྱས་ཏེ་ཚུལ་མིན་སྤྱོད་ཚུལ་དང་བསྐྱར་ལོག་གི་རྣམ་པ་ཐོན་རྒྱུ་མཐའ་གཅིག་ཏུ་བཀག་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་སྤེལ་དགོས་པའི་ནན་གསུངས་གནང་བ་རེད།
          ལི་ཁེ་ཆང་ཀྲེ་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། འཐུས་མི་ཁྲེ་ཅུན་དང་། ཡོན་ཅ་ཅུན། ཧྥང་ཀྲུང་ཧྭ་སོགས་ཀྱི་གཏམ་བཤད་གསན་རྗེས། ལི་ཁེ་ཆང་གིས་ད་རེས་ཀྱི་ཚོགས་ཆེན་ཐོག་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་རེ་བ་ཞུས་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱས་ནས་རྩ་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་བཞིན་སྲིད་འཛིན་པའི་བྱེད་ཐབས་གལ་ཆེན་མཐའ་འཁྱོངས་བྱེད་པ་ཞིག་ཡིན་པས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་མ་ཟིན་འཆར་ཟིན་ལ་ང་རང་ཡོངས་སུ་མོས་མཐུན་ཡོད་ཅེས་གསུངས།
         ལི་ཀྲན་ཧྲུའུ་པེ་ཅིང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། འཐུས་མི་ཚའེ་ཆི་དང་། ཁྲེན་ཅི་ཉིང་། ཞུས་ཐའོ་སོགས་ཀྱི་གཏམ་བཤད་ནན་ཏན་ངང་གསན་རྗེས། ལི་ཀྲན་ཧྲུའུ་ཡིས་རྩ་ཁྲིམས་བཟོ་བཅོས་ཀྱི་མ་ཟིན་འཆར་ཟིན་ལ་ང་རང་ཡོངས་སུ་མོས་མཐུན་ཡོད། རང་རེའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་ཚད་མཐོའི་གཅིག་གྱུར་བྱུང་བས་ལེགས་ཆ་མངོན་གསལ་དོད་པ་དང་། རྨང་གཞི་བརྟན་པ། སྐྱེ་སྟོབས་ཀྱི་གསོན་ཤུགས་ཆེ་བ་བཅས་ལྡན་ཡོད་ཅེས་གསུངས།
          དབང་དབྱང་ཐའེ་དབན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། འཐུས་མི་ཁྲེན་ཅུན་དང་། ཀྲང་ཞའོ་ཏུང་། ཁྲེན་ཡུན་དབྱིང་སོགས་ཀྱི་གཏམ་བཤད་ནན་ཏན་ངང་གསན་རྗེས། དབང་དབྱང་གིས་རྩ་ཁྲིམས་བཟོ་བཅོས་ཀྱི་མ་ཟིན་འཆར་ཟིན་ལ་ངས་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་ཁྲིམས་ལུགས་དང་། རྒྱལ་སྐྱོང་བདེ་འཁོད་ཀྱི་སྤྱིའི་སྒྲིག་ཡིག ཏང་དང་མི་དམངས་ཀྱི་འདོད་བློ་གཅིག་ཏུ་འདུས་པ་བཅས་ཡིན་ཞེས་གསུངས།
        ཝང་ཧུའུ་ཉིང་ཀུའེ་ཀྲོའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་གནང་ཡོད། འཐུས་མི་སུན་ཀྲེ་ཀང་དང་། ཁྲེན་དབྱི་ཆིན། ཝང་ཝུའེ་སོགས་ཀྱི་གཏམ་བཤད་གསན་རྗེས། ཝང་ཧུའུ་ཉིང་གིས་རྩ་ཁྲིམས་བཟོ་བཅོས་ཀྱི་་མ་ཟིན་འཆར་ཟིན་ལ་ང་རང་ཡོངས་སུ་མོས་མཐུན་ཡོད། འཆར་ཟིན་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་གང་ལེགས་མཚོན་ཡོད་ལ་མི་དམངས་ཀྱི་འདོད་བློ་ཡང་གང་ལེགས་མཚོན་ཡོད་ཅེས་གསུངས།
       ཀྲའོ་ལེ་ཅི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། འཐུས་མི་ལོའུ་ཆིང་ཅན་དང་། ཝུའུ་ཀྲེང་ལུང་། ལུའེ་ཅན་སོགས་ཀྱི་གཏམ་བཤད་གསན་རྗེས། ཀྲའོ་ལེ་ཅིས་རྩ་ཁྲིམས་བཟོ་བཅོས་ཀྱི་མ་ཟིན་འཆར་ཟིན་ལ་ང་རང་ཡོངས་སུ་མོས་མཐུན་ཡོད། ད་རེས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པ་དེ་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པས་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་བྱས་པའི་རིགས་པའི་གཞུང་ལུགས་དང་། ལག་ལེན། ལམ་ལུགས་བཅས་ཀྱི་གསར་གཏོད་གྲུབ་འབྲས་གལ་ཆེན་གཅིག་སྡུད་ངང་མཚོན་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རྩ་ཁྲིམས་ཀྱི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་ཡོད་ཅེས་གསུངས།
         ཧན་ཀྲེང་ཐེན་ཅིང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། འཐུས་མི་ལི་ཧུང་ཀྲུང་དང་། ཀྲང་གོ་ཆིང་། དབྱང་པའོ་ལིང་སོགས་ཀྱི་གཏམ་བཤད་གསན་རྗེས། ཧན་ཀྲེང་གིས་རྩ་ཁྲིམས་བཟོ་བཅོས་ཀྱི་མ་ཟིན་འཆར་ཟིན་ལ་ང་ཡོངས་སུ་མོས་མཐུན་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་ཐོབ་པའི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་གལ་ཆེན་དེ་རྩ་ཁྲིམས་ཀྱི་གཏན་འབེབས་སུ་རིམ་འཕར་བྱུང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད་ཅེས་གསུངས།