མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ། 
དབང་དབྱང་ཚོགས་འདུར་ཕེབས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་10ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་དང་གྲོས་རིམ་གཙོ་བོ་ནི། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན(མ་ཟིན)སྐོར་གྱི་གསལ་བཤད་གསན་པ་དང་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་གཙོ་སྐྱོང་བ་དབང་དབྱང་ཚོགས་འདུར་ཕེབས་ཡོད་པ་རེད།
         ཚོགས་འདུའི་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཀྲང་ཆིང་ལིས་གནང་བའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན(མ་ཟིན)སྐོར་གྱི་གསལ་བཤད་གསན་པ་རེད།
         ཀྲང་ཆིང་ལིས་སྲིད་གྲོས་ཀྱི་སྒྲིག་ཡིག་བཟོ་བཅོས་སྐོར་གྱི་ལས་དོན་གནས་ཚུལ་དང་། བཟོ་བཅོས་ཀྱི་རྩ་དོན། བཟོ་བཅོས་ཀྱི་ནང་དོན་གཙོ་བོ་བཅས་གསལ་བཤད་གནང་ཞིང་། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གིས་དུས་ཐོག་ཏུ་སྲིད་གྲོས་ཀྱི་སྒྲིག་ཡིག་བཟོ་བཅོས་བརྒྱབ་པ་དེ་ནི་ཏང་གི་སྒྲིག་ཡིག་བཟོ་བཅོས་དང་། རྩ་ཁྲིམས་བཟོ་བཅོས། སྲིད་གྲོས་ཀྱི་སྒྲིག་ཡིག་བཟོ་བཅོས་བཅས་ཀྱི་སྤྱིའི་བཀོད་སྒྲིག་སྐོར་གྱི་གྲུབ་ཆ་གལ་ཆེན་ཞིག་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དོན་ཆེན་ཞིག་རེད། སྲིད་གྲོས་ཀྱི་སྒྲིག་ཡིག་ཟམ་མི་ཆད་པར་དུས་བབ་གསར་པ་དང་འཚམ་པ་དང་། ཉམས་མྱོང་གསར་པ་བསྡུ་ལེན། གྲུབ་འབྲས་གསར་པ་མངོན་པ། ཚད་གཞི་གསར་པ་བཟོ་བ་བཅས་བྱས་ཚེ་གཞི་ནས་སྲིད་གྲོས་ཀྱི་ལས་དོན་ལ་སྐུལ་མ་དེ་བས་ལེགས་པ་གཏོང་ཐུབ། བཟོ་བཅོས་ཟིན་རྗེས་ཀྱི་སྲིད་གྲོས་ཀྱི་སྒྲིག་ཡིག་སྤྱིར་བརྟན་པོ་རྒྱུན་འཁྱོངས་དང་། ས་བཅད་ཁག་གཅིག་སྣོན་འཕྲི། ཞིབ་གླེང་གལ་ཆེན་འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་ཡོད་ཅེས་གསུངས་པ་རེད།
         དེ་རྗེས་སྲིད་གྲོས་ཨུ་ཡོན་13གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བ་སོགས་ལ་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད།