མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་
ཚོགས་འདུ་ཐེངས་གཉིས་པ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་10ཉིན། 17:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན་གྱི་ཕྱི་དྲོ་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། ཚོགས་འདུའི་ཐོག་ཕྱག་བརྐྱངས་ནས་བརྡས་ཐག་གཅོད་པའི་རྣམ་པ་བརྒྱུད་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་བཟོ་བཅོས་ཟིན་བྲིས་དེ་གཉིས་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།
         ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུར་མི་190ཕེབས་དགོས་པ་དང་དངོས་སུ་མི་190ཕེབས་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
         ཟླ་3ཚེས་7ཉིན་འཐུས་མི་ཚོགས་པ་ཁག་གིས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་ལ་ནན་ཏན་ངང་གྲོས་ཞིབ་གནང་བ་རེད། འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་གཞིར་བཟུང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་བཟོ་བཅོས་ཟིན་བྲིས་ཚབ་འགོད་གནང་བ་རེད།
         ཀྲུའུ་ཞི་ཚོགས་པའི་ཚོགས་འདུས་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའི་ཁྲིམས་དོན་གྲོས་གཞི་ཚོགས་ཆུང་གི་ཙུའུ་ཀྲང་ཧྲེན་ཁྲུན་ཡའོ་ཡིས་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའི་བཀའ་མངགས་ལྟར་གནང་བའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་རེད། ཚོགས་འདུའི་ཐོག་ཕྱག་བརྐྱངས་ནས་བརྡས་ཐག་གཅོད་པའི་རྣམ་པ་བརྒྱུད་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་བཟོ་བཅོས་ཟིན་བྲིས་དེ་གཉིས་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།