མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་སྟེ་མིག་སྔའི་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་དམིགས་སུ་བཀར་ནས་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།
ཐེ་རོན་ཕུ་ཡིས་ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་ལ་འབྲེལ་གཏུག་བྱ་རྒྱུར་དམིགས་ཏེ་ཉེ་ཆར་འཕེལ་རྒྱས་ཡག་པོ་བྱུང་བ་དང་དེའི་ཐད་ཁྲའོ་ཞན་ཕྱོགས་ཀྱིས་རྣམ་འགྱུར་ཡག་པོ་བསྟན་པ་དང་ཨ་རི་དང་ཁྲའོ་ཞན་དབར་རིམ་མཐོའི་གྲོས་མོལ་བྱུང་ན་དེ་ཕྱོགས་ཁག་གི་ངོས་ནས་བརྗོད་ན་བྱ་བ་ཡག་པོ་ཞིག་ཡིན་པས། ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་མཐར་ཞི་བའི་ངང་ཐག་གཅོད་ཐུབ་རྒྱུའི་རེ་བ་ཡོད། དོན་དངོས་ལས་ཨ་རིས་ངེས་པར་དུ་ཁྲའོ་ཞན་དང་སྐད་ཆ་ཤོད་རེས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་སྐོར་གྱི་ཞི་ཀྲུའུ་ཞིའི་འདོད་ཚུལ་དེ་ཡང་དག་པ་ཞིག་ཡིན་པ་ར་སྤྲོད་ཐུབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ནུས་པ་གལ་ཆེན་བཏོན་པར་ཨ་རི་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་དེར་ཚད་མཐོའི་མཐོང་ཆེན་ཡང་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མུ་མཐུད་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མེད་པ་མངོན་འགྱུར་དང་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ཐུབ་རྒྱུར་བློ་བརྟན་འགྱུར་མེད་ངང་ཤུགས་བརྒྱབ་ནས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་གནད་དོན་ཐག་གཅོད་ཐུབ་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། མིག་སྔར་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ཐད་ཐོན་པའི་དགེ་མཚན་ལྡན་པའི་འགྱུར་ལྡོག་ལས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མེད་པའི་འཕེལ་རིམ་དེ་སྐད་ཆ་ཤོད་རེས་བྱས་ནས་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་ཐོག་སླར་ཡང་འཇུག་རྒྱུར་ཕན་ཐོགས་ཡོད་ལ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁྲའོ་ཞན་དང་འབྲེལ་ཡོད་གྲོས་ཆོད་ནང་གཏན་ལ་ཕབ་པའི་ཁ་ཕྱོགས་དང་ཡང་འཚམ་ཡོད། ངས་ཙུང་ཐུང་སྐུ་ཞབས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་འདོད་འདུན་ཡག་པོར་བསྔགས་བརྗོད་བྱ་རྒྱུ་ཡིན། ཨ་རི་དང་ཁྲའོ་ཞན་ཕྱོགས་གཉིས་པོས་གང་མགྱོགས་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་བྱས་ཏེ་དགེ་མཚན་ལྡན་པའི་ཕན་འབྲས་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད། འབྲེལ་ཡོད་ཕྱོགས་ཁག་གིས་སེམས་བཟང་མང་ཙམ་བཅངས་ནས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་རྒྱུན་སྲིང་ངང་ཞི་ལྷོད་དུ་འགྲོ་རྒྱུར་གནོད་འཚེ་བཟོ་བ་དང་འགལ་རྐྱེན་སློང་སྲིད་པའི་བྱ་བ་མི་ཐོན་པ་བྱས་ཏེ་མིག་སྔར་ཐོན་པའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཧུར་ཐག་བྱ་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད། ཕྱོགས་ཁག་གིས་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐོག་ནས་ཐག་གཅོད་བྱེད་པའི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱས་ཚེ་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་རེ་སྒུག་བྱེད་པའི་ཕྱོགས་ལ་གཏད་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཐད་གཟིགས་ཚུལ་བརྗེ་རེས་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་འདི་ལོ་ནས་བཟུང་ངས་ཙུང་ཐུང་སྐུ་ཞབས་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཕྱོགས་གཉིས་པོའི་ཚོགས་པས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་རྒྱལ་ཁབ་གཉིས་དབར་ཁྱབ་ཁོངས་ཆེན་པོའི་ནང་སྐད་ཆ་ཤོད་རེས་བྱེད་པའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་སྤྱི་ཡོངས་རྒྱུན་འཁྱོངས་བྱ་རྒྱུར་ང་ཚོ་ཚང་མ་མོས་མཐུན་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་རྨང་གཞིའི་ཐོག་མཉམ་ལས་ལ་དམིགས་པ་དང་མི་མཐུན་ས་དོ་དམ་དང་ཚོད་འཛིན་བྱས་ནས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ལོ་གསར་པའི་ནང་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཐེ་རོན་ཕུ་ཡིས་ཀྲུང་གོའི་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”བདེ་བླག་ངང་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་འབྲེལ་བ་དམ་ཟབ་བྱ་རྒྱུ་དེ་ནི་ཨ་རི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེན་པོ་རེད། ཨ་རི་ཕྱོགས་ཀྱིས་ཨ་རི་དང་ཀྲུང་གོའི་འབྲེལ་བ་དང་ཕྱོགས་གཉིས་པོའི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཨ་རི་དང་ཀྲུང་གོའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཐེ་རོན་ཕུ་ཡིས་སྨོན་འདུན་བཟང་པོ་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོའི་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”བདེ་བླག་ངང་འཚོགས་ནས་ཀྲུང་གོའི་འཕེལ་རྒྱས་དང་ཀྲུང་གོས་ཨ་རི་ཚུད་པའི་རྒྱལ་ཁབ་ཁག་གི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་ཤུགས་ཧུར་ཐག་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།