མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཀྲའོ་ལེ་ཅི་བཅས་ཁག་སོ་སོར་རྒྱལ་ཡོངས་མི་དམངས་
འཐུས་ཚོགས་ཀྱི་ཚོགས་འདུའི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་12ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཀྲའོ་ལེ་ཅི་བཅས་ཁག་སོ་སོར་རྒྱལ་ཡོངས་མི་དམངས་
འཐུས་ཚོགས་ཀྱི་ཚོགས་འདུའི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ།

             མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཅི་བཅས་ཡིན་པའི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི་བཅས་ཁག་སོ་སོར་ཚེས་10ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ་རེད།
          ཞི་ཅིན་ཕིང་ཁྲུང་ཆིང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཚོགས་འདུའི་ཐོག་ཁྲེན་མེའར་དང་། ཐང་ལེང་ཀྲི། ཀྲང་ཤོན། མ་ཧྲན་ཞང་། ལི་ཁྲུན་ཁུའེ། ཀྲུའུ་མིང་གཡོད། ལིའུ་ཅ་ཆི། ཧྲེན་ཐེ་མའེ་སོགས་འཐུས་མི་8ཀྱིས་སྔ་རྗེས་སུ་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་འཛུགས་སྐྱོང་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ནུས་པ་འདོན་པ། འབྲི་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལས་གཏོད་གསར་གཏོད་ལ་སྐུལ་འདེད་གཏོང་བ། གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་བསམ་འཆར་གསུངས་པ་རེད། ཀྲང་ཤོན་གྱིས་ལས་བྱེད་པའི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གླེང་སྐབས། ཞི་ཅིན་ཕིང་གིས་རང་རེའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་ཚང་མ་སྣེ་འཛོམས་རྣམ་པའི་ལས་བྱེད་པར་སྒྱུར་དགོས་པ་དང་ལས་གནས་གང་འདྲ་ཞིག་གི་ཐོག་ཏུ་འཁོད་ནའང་གཞི་རྩའི་ཤེས་བྱའི་མ་ལག་ལྡན་པ་བྱེད་དགོས། བཅའ་ཁྲིམས་ནི་དེའི་ནང་གི་གཞི་རྩའི་གྲུབ་ཆ་ཞིག་ཡིན་པས་ཕྱོགས་ཁག་གི་རྨང་གཞིའི་རང་བཞིན་གྱི་ཤེས་བྱ་ཚང་མ་ཁོང་དུ་ཆུད་པ་བྱེད་པ་ལས་ཕྱོགས་གཅིག་ཙམ་འཛིན་ནས་སྡོད་མི་རུང་། རྨང་གཞི་དེའི་ཐོག་ལག་རྩལ་དང་འགན་བབ་བྱང་ཆུབ་པ་ཞིག་ཡོང་བ་བྱེད་དགོས། ལས་བྱེད་པའི་གསོ་སྦྱོང་མ་ལག་ཐད་དམིགས་ཚད་དེར་གཞིགས་ནས་སྒྱུར་བཅོས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། གཞི་རིམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་བྱེད་ཚུལ་སྐོར་གྱི་མ་ཧྲན་ཞང་གི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བ་གམ་དེར་གདུང་བཞི་ཀ་བརྒྱད་ཀྱིས་འདེགས་སྐྱོར་བྱེད་དགོས་པ་དང་ཏང་ནི་དེའི་ཁྲོད་ཀྱི་མ་གདུང་དང་ཏང་ཀྲུང་དབྱང་ནི་ཀ་བ་ཨ་མ་དེ་ཡིན། དེ་དང་དུས་མཚུངས་རྨང་གཞི་ནི་གལ་ཧ་ཅང་ཆེན་པོ་ཡིན་པས་རྨང་གཞི་བརྟན་པོ་མེད་ཚེ་ས་གཡོ་བ་དང་རི་འགུལ་རྒྱུ་རེད། གཞི་རིམ་དུ་ཏང་ཀྲི་པུའུ་ནི་སྐུད་སྣེ་སྟོང་བརྒྱུས་པའི་ཁབ་ལྟ་བུ་ཡིན་པས་ཕན་ཚུན་མཐུད་སྦྱོར་དང་གོང་འོག་འབྲེལ་མཐུད་བྱེད་པ་བརྒྱུད་ངེས་པར་དུ་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཕུལ་བྱུང་གི་གཞི་རིམ་རྐང་འཛིན་པ་ཁྲི་སྟོང་མང་པོས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་མཐའ་མཇུག་ཏུ་གསུང་བཤད་གལ་ཆེན་གནང་སྐབས་ཁྲུང་ཆིང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་སེམས་རྣལ་དུ་ཕབ་ནས་སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེའི་མཐོ་ས་དང་རི་སྔོ་ཆུ་དྭངས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ཞིག་མགྱོགས་མྱུར་སྐྲུན་པ་དང་། སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་གསར་གཏོད་བྱེད་པ་བཅས་བྱས་ནས་ཁྲུང་ཆིང་གི་ལས་དོན་ཁག་སྐས་རིམ་གསར་པར་སླེབས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཆབ་སྲིད་ཁོར་ཡུག་དེ་རང་བྱུང་སྣོད་བཅུད་དང་འདྲ་བར་ལྷོད་གཡེང་ཤོར་ན་སྦགས་བཙོག་ཕོག་སླ། གནད་དོན་ཐོན་ཚེ་བསྐྱར་དུ་སླར་གསོ་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་སྲིད། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གྲུབ་རྒྱུ་ནི་དར་ཆ་གསལ་སྟོན་ངང་ཆབ་སྲིད་ལ་སྣང་ཆེན་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུ་དགོས་པའི་ཆབ་སྲིད་ཀྱི་བླང་བྱ་དང་། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་གཙང་སྒྲིག་ནན་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ། ཏང་སྲོལ་སྲིད་སྲོལ་བཟང་པོ་ཆགས་པར་བྱེད་པ་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱེད་པའི་འགན་ལེན་གལ་ཆེན་བཅས་ཡིན། སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། གཏོར་འཛུགས་གལ་ཆེ་མཉམ་དུ་འཇོག་རྒྱུར་མཐོང་ཆེན་བྱེད་པ། “འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱེད་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་འགོ་ཁྲིད་ཀྱི་འགན་འཁྲི་དང་དཔེ་སྟོན་གྱི་འགན་འཁྲི་རང་རྟོགས་ངང་ཁུར་རྒྱུར་སྐུལ་འདེད་གཏོང་བ། རང་ཉིད་དེའི་ཁྲོད་ཞུགས་པ་དང་བསམ་བློ་དེའི་ཐད་གཏོང་བ། ལས་དོན་སྤེལ་བ་བཅས་བྱས་ཏེ“སྣེ་ཁྲིད་ཀྱི་ནུས་པ”ཞིག་ཐོན་པར་བྱེད་དགོས། ཁྲིམས་ཀྱིས་སྐྱོང་རྒྱུ་མཐའ་འཁྱོངས་དང་མིའི་དབང་གྲགས་ཀྱིས་སྐྱོང་རྒྱུར་ངོ་རྒོལ་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་ཐོག་མཐའ་བར་གསུམ་དུ་གུས་སྐྲག་གི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་སྣེ་ཁྲིད་ནས་བྱེད་སྒོ་སྤེལ་བ། ཁྲིམས་གཏན་འཁེལ་བའི་དབང་ཚད་དང་། སྒྲིག་སྲོལ། གོ་རིམ་བཅས་ལ་ནན་པོར་གཞིགས་ཏེ་དབང་ཆ་སྤྱོད་པ་དང་འགན་འཁྲི་སྒྲུབ་པ་བཅས་བྱས་ནས་སེམས་ནང་བཅའ་ཁྲིམས་དང་སྒྲིག་ཁྲིམས་ཀྱི་མེ་ལོང་གསལ་པོ་འཇོག་པ་དང་། ལག་གིས་བཅའ་ཁྲིམས་དང་སྒྲིག་ཁྲིམས་ཀྱི་བསྲུང་བྱའི་ཚད་གཞི་དམ་པོར་འཛིན་པ། དཔོན་གྱིས་བྱ་བ་སྒྲུབ་པའི་ཚད་གཞི་ཤེས་པ་བཅས་ཡོང་བ་བྱེད་དགོས། ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་གསུམ་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཆད་ལུས་མེད་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། ཁྲིམས་ལ་བརྟེན་ནས་བཅོས་སྐྱོང་བྱ་རྒྱུར་སྣང་ཆེན་བྱེད་ལ་ཀུན་སྤྱོད་ལ་བརྟེན་ནས་བཅོས་སྐྱོང་བྱ་རྒྱུར་ཡང་སྣང་ཆེན་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་སློབ་གསོ་གཏོང་བའི་ནུས་པ་འདོན་རྒྱུར་སྣང་ཆེན་བྱེད་པ། བཅའ་ཁྲིམས་དང་ཀུན་སྤྱོད་ཀྱི་སྟོབས་ཤུགས་དང་ཁྲིམས་སྐྱོང་དང་ཀུན་སྤྱོད་ལ་བརྟེན་ནས་སྐྱོང་བའི་ནུས་པ་ཟུང་འབྲེལ་དམ་ཟབ་བྱེད་པ། རང་གཅུན་དང་གཞན་གཅུན་ཟུང་འབྲེལ་དམ་ཟབ་བྱེད་པ། སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་ཧུར་ཐག་བྱ་རྒྱུའི་ཁྲིད་སྟོན་བྱེད་པ། ཀུན་སྤྱོད་ཀྱི་གོམས་སྲོལ་བཟང་པོ་འཛུགས་པ་བཅས་བྱས་ནས་བཀས་བཀོད་རྒྱུན་འཛིན་གྱི་རྙིང་རུལ་གྱི་ཀུན་སྤྱོད་རིག་གནས་མ་ཁྱབ་སྔོན་འགོག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་འགོ་ཁྲིད་ལས་བྱེད་པས་སྲིད་སྐྱོང་གི་ཀུན་སྤྱོད་ལ་སྣང་ཆེན་བྱེད་དགོས་ཤིང་། སྲིད་སྐྱོང་གི་ཀུན་སྤྱོད་ནི་སྤྱི་ཚོགས་ཧྲིལ་པོའི་ཀུན་སྤྱོད་འཛུགས་སྐྱོང་གི་ཁ་ཕྱོགས་ལྟ་བུ་རེད། སྲིད་སྐྱོང་གི་ཀུན་སྤྱོད་འཛུགས་པར་ཀུན་སྤྱོད་ཆེན་པོ་གསལ་རྟོགས་དང་། སྤྱི་པའི་སྤྱོད་བཟང་དམ་སྲུང་། མི་སྒེར་གྱི་སྤྱོད་བཟང་ནན་སྐྱོང་བཅས་ཡོང་བ་བྱེད་དགོས། ཀུན་སྤྱོད་ཆེན་པོ་གསལ་རྟོགས་ཞེས་པ་ནི་ཕུགས་བསམ་དད་སེམས་བརྟན་འཛུགས་དང་སྲ་ཞིང་བརྟན་པའི་ཏང་གཤིས་སྦྱོང་བརྡར་ཡག་པོ་བྱས་ཏེ་ཡིན་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་སྟོན་དང་། ཚོད་བགམ་ཆེན་པོའི་མདུན་དུ་གང་ལའང་མི་སྐྲག་པ། བསླུ་བྲིད་སྣ་ཚོགས་མདུན་དུ་ལངས་ཕྱོགས་བརྟན་པོ་བཅས་ཡོང་བ་བྱ་རྒྱུ་དེ་ཡིན། དེ་ནི་འགོ་ཁྲིད་ལས་བྱེད་པས་དང་ཐོག་ཡོད་དགོས་པའི“ཀུན་སྤྱོད་ཆེན་པོ”ཞིག་ཡིན། སྤྱི་པའི་སྤྱོད་བཟང་དམ་སྲུང་ཞེས་པ་ནི་དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་འདུ་ཤེས་ནན་གྱིས་སྲུང་བ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོས་འབད་འཐབ་བྱེད་པའི་དམིགས་ཚད་ཡིན་པའི་དམ་བཅའ་རང་རྟོགས་ངང་ལག་བསྟར་བྱེད་པ་བཅས་བྱས་ནས་སྒེར་སེམས་མེད་པར་ཁོག་ཡངས་དཀྱེལ་ཆེ་ཡོང་བ་བྱ་རྒྱུ་དེ་ཡིན། མི་སྒེར་གྱི་སྤྱོད་བཟང་ནན་སྐྱོང་ཞེས་པ་ནི་རང་ཉིད་ཀྱི་སྤྱོད་ལམ་དང་བྱ་སྤྱོད་ལ་གཅུན་སྡོམ་ནན་པོ་བྱ་རྒྱུ་དེ་ཡིན། ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱིས་འདོད་རྔམ་སྤོང་བ་དང་རང་གཅུན་སྤྱི་གཅེས་བྱས་ཏེ་མི་དམངས་ཀྱིས་གནང་བའི་དབང་ཆ་སྤྱད་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། ཁྱིམ་སྲོལ་འཛུགས་སྐྱོང་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་སྤྱོད་གཙང་རང་འདེམས་དང་སྤྱོད་གཙང་ཁྱིམ་སྐྱོང་གིས“སྔས་མགོའི་སྐད་ཆ”ལྐོག་ཟའི་འབྱུང་རྐྱེན་དུ་འགྱུར་རྒྱུ་བཀག་འགོག་དང་། བུ་ཕྲུག་གིས་ཕ་མར་ཁ་གཡར་ནས་ཁྲིམས་འགལ་ངང་ཁེ་སྤོགས་གཉེར་རྒྱུ་བཀག་འགོག རང་ཉིད་འཁྲིས་ཀྱི་མིས་རང་ཉིད“ཆུར་གཡུག་རྒྱུ”བཀག་འགོག་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་བྱས་རྗེས་ཆུང་ཙག་མང་ཙམ་འཇོག་དགོས། དོན་ཆུང་ནི་མེ་ལོང་ལྟ་བུ་ཡིན་ཞིང་། དོན་ཆུང་ནས་ཏང་གཤིས་དང་། རྩ་དོན། མི་གཤིས་བཅས་མཚོན་གྱི་ཡོད། “ཆུ་རགས་ལེ་དབར་སྟོང་ལྡན་དེ་གྲོག་ཚང་གཅིག་གིས་ཕུང་བར་འགྱུར”ཞེས་པའི་གནའ་མིའི་གཏམ་དཔེ་བློ་ལ་བརྟན་པོར་ངེས་ཏེ་དོན་ཆུང་ནས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བྱ་བ་ཆུང་ཙག་ནས་རང་ཉིད་འཐུས་སྒོ་ཚང་དུ་གཏོང་བ། བློ་སྦྱོང་ནན་པོ་དང་རང་ཉིད་ཀྱི་ལེགས་ཆ་གསལ་པོར་རྟོགས་པར་བྱེད་པ། རྐྱེན་ཆུང་དུས་ནས་སེལ་བ་བཅས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་གཞུང་ཞབས་པའི་རང་གཤིས་རྒྱུན་འཁྱོངས་བྱེད་དགོས། ཁེར་གཟབ་ཆུང་ཟོན་བྱེད་པའི་ཐོག་རང་གིས་རང་ལ་གཅུན་འདོམས་དང་རང་གིས་རང་ལ་ཚོད་འཛིན་བྱེད་པའི་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་བཏང་སྟེ་ཁེ་ཕན་ཆུང་ཙག་ལའང་ཞེན་ཆགས་མི་སྐྱེ་བ་དང་མིག་མདུན་གྱི་ཁེ་ཕན་སྣ་ཚོགས་ལ་ཡིད་སེམས་མི་ཤོར་བ་བྱེད་དགོས།
          རང་ཉིད་ཀྱི་འཚོ་བའི་འཁོར་རྒྱ་དང་། འབྲེལ་གཏུག་གི་འཁོར་རྒྱ། རོལ་རྩེད་ཀྱི་འཁོར་རྒྱ་བཅས་ལ་དོ་དམ་ཡག་པོ་བྱས་ནས་སྒེར་དོན་སྒྲུབ་སྐབས་དང་། མི་གཞན་མེད་པའི་སྐབས། བྱ་བ་ཆུང་ཙག་སྒྲུབ་སྐབས་བཅས་སུ་གཟབ་ནན་ཆེ་བ་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས་ཐོག་མཐའ་བར་གསུམ་དུ་བག་མེད་སྒྲིག་འཆལ་མི་བྱེད་པ་དང་། ལུགས་སྲོལ་དང་མི་འགལ་བ། སྒྲིག་སྲོལ་དང་མི་འགལ་བ་བཅས་བྱས་ཏེ་རུལ་རྒོལ་འགྱུར་འགོག་གི་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནད་བ་རེད།  
           ལི་ཁེ་ཆང་ཉིང་ཞའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཧྲི་ཐའེ་ཧྥེང་དང་། ཤན་ཧུའེ། མཱ་ཧུའེ་ཅོན་སོགས་ཀྱི་གཏམ་བཤད་གསན་རྗེས་ལི་ཁེ་ཆང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད། ཁོང་གིས་ཉིང་ཞ་ནི་ནུབ་རྒྱུད་ཀྱི་མི་རིགས་ས་ཁུལ་ཡིན་པ་དང་། འདས་ཟིན་པའི་ལོ་ལྔའི་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། སླད་ཕྱིན་ཉིང་ཞས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྐམ་སའི་དབུས་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ་གཏོད་པ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་བརྟེན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་དེ་བས་ལེགས་པའི་ངང་འཕེལ་བར་བྱེད་པ་བཅས་བྱས་ནས་མང་ཚོགས་ཆེད་བྱ་བ་དངོས་བསྒྲུབ་རྒྱུར་སྟབས་བདེ་དེ་བས་ལེགས་པ་སྐྲུན་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
            ལི་ཀྲན་ཧྲུའུ་ཡུན་ནན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཁྲེན་ཧའོ་དང་། རོན་ཁྲེང་ཕ། ལུའོ་ཅུན་སོགས་ཀྱི་གཏམ་བཤད་གསན་རྗེས་ལིའི་ཀྲན་ཧྲུའུ་ཡིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་མོས་མཐུན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་ཞིག་བཏོད་ཡོད་ཅེས་གསུངས་པ་རེད།
          ཀྲའོ་ལེ་ཅི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ་སོགས་ཀྱི་གཏམ་བཤད་གསན་རྗེས་ཁོང་གིས་ཏང་གི་སྤྱོད་ཚུལ་ལེགས་ཉེས་དེ་བློ་ཁ་གང་དུ་ཕྱོགས་མིན་དང་འབྲེལ་བ་ཡོད་ལ་ཏང་འཆི་གསོན་ཆགས་འཇིག་གང་ཡོང་དང་འབྲེལ་བའང་ཡོད། དེས་ན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་བླང་བྱ་ལག་ལེན་གཏིང་ཟབ་བསྟར་ཏེ“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱ་རྒྱུ་དང་སྤྱོད་ཚུལ་ལེགས་སུ་གཏོང་མཚམས་མི་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏན་ཏན་ཏིག་ཏིག་གིས་ལས་ཀ་དང་སྙིང་རུས་གཏན་འཁྱོངས་བྱེད་པ། དམིགས་བསལ་གྱི་དབང་ཆའི་བསམ་བློ་དང་དམིགས་བསལ་གྱི་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་མེད་ངོ་འགྱུར་གྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ། དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོ་བ་དང་ལས་ཀ་གང་བྱུང་བྱེད་པའི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་བཅས་ལས་སྤྱོད་ཚུལ་གྱི་གནད་དོན་བསྐྱར་དུ་གཏན་ནས་མི་ཐོན་པ་བྱེད་དགོས། དམ་འཛིན་ནན་པོ་དང་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པ་དང་། མཚམས་ཚིགས་རེ་རེ་བཞིན་བརྟན་པོ་བསྲུངས་ནས་གོམས་གཤིས་འཇགས་པ་དང་གོམས་སྲོལ་དུ་འགྱུར་བ་བྱེད་དགོས། མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་ནས་གནད་དོན་གང་ཞིག་ཐོན་ཕྱིན་དེ་ཐག་གཅོད་བྱེད་པ་དང་། གནད་དོན་གང་ཞིག་མངོན་གསལ་དོད་ཕྱིན་དེ་བཅོས་སྒྲིག་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པར་བརྟེན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དྲང་ནུས་ཧ་ཅང་ཆེན་པོ་ཞིག་གཅིག་སྒྲིལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།