མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པར་མི་རིགས་ཨུ་ཡོན་ལྷན་ཁང་སོགས་
ཆེད་དོན་ཨུ་ཡོན་ལྷན་ཁང་བཅུ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་14ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་13ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་འཚོགས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་བཅུ་འཛུགས་རྒྱུ་སྐོར་གྱི་ཐག་གཅོད་ལ་གྲོས་འཆམ་བྱུང་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་བཅུ་འཛུགས་རྒྱུ་ཐག་གཅོད་བྱས་པ་རེད།
        ཆེད་དོན་ཨུ་ཡོན་ལྷན་ཁང་བཅུ་བོ་ནི་མི་རིགས་ཨུ་ཡོན་ལྷན་ཁང་དང་། རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་། ལྟ་སྐུལ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོར་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྱོང་ཨུ་ཡོན་ལྷན་ཁང་བཅས་ཡིན་པ་རེད། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་ནི་འགོ་འཛིན་ཨུ་ཡོན་དང་། འགོ་འཛིན་གཞོན་པའི་ཨུ་ཡོན་འགའ། ཨུ་ཡོན་འགའ་བཅས་ཀྱིས་གྲུབ་ཡོད་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཞུང་དོན་གྲོས་མོལ་བྱེད་སྲོལ་གྱི་གཏན་འབེབས་ལྟར་ན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་སྐབས་ལྟ་ཞིབ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱ་དགོས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་སྐབས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལ་ཞིབ་བཤེར་དང་། ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལ་ཞིབ་བཤེར་བྱ་དགོས་པ་རེད། དེར་བརྟེན། ཚེས་13ཉིན་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་འགོ་འཛིན་ཨུ་ཡོན་དང་། འགོ་འཛིན་གཞོན་པའི་ཨུ་ཡོན། ཨུ་ཡོན་གྱི་མིང་ཐོ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
         ཚོགས་ཆེན་གྱི་གྲོས་རིམ་ལྟར་ན། ཟླ་3ཚེས་19ཉིན་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་མི་རིགས་ཨུ་ཡོན་ལྷན་ཁང་དང་།  ལྟ་སྐུལ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོར་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགོ་འཛིན་ཨུ་ཡོན་དང་། འགོ་འཛིན་གཞོན་པའི་ཨུ་ཡོན། ཨུ་ཡོན་གྱི་མིང་ཐོ་འཆར་ཟིན་ལ་བརྡས་ཐག་གཅོད་རྒྱུ་ཡིན་པ་རེད།