མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་གྲོལ་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་17ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་16ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་གྲོལ་བ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་མི་དམངས་སྲིད་གྲོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་མི་དམངས་སྲིད་གྲོས་བྱ་གཞག་གི་འཕེལ་རྒྱས་ལ་འཕྲད་པའི་ཁ་ཕྱོགས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་འདྲི་བར་ལན་གསལ་པོར་བརྒྱབ་པ་དང་འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་གཞག་གི་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། ད་ཐེངས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་མི་དམངས་སྲིད་གྲོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ནས་ཚོགས་འདུའི་རྣམ་པའི་ཐོག་ནས་བསླབ་བྱ་བརྒྱབ་སྟེ་སླད་ཕྱིན་ལོ་ལྔའི་སྲིད་གྲོས་ལས་དོན་ལ་བསམ་བློའི་རྨང་གཞི་བརྟན་པོ་བཏིང་ཡོད། ང་ཚོས་ངེས་པར་དུ་མི་དམངས་སྲིད་གྲོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱི་ལྟེ་བའི་དོན་སྙིང་དང་དགོངས་དོན་གྱི་སྙིང་པོ་ཁོང་དུ་ཆུད་པ་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་བསམ་ཕྱོགས་དང་དངོས་གཉེར་བྱེད་ཐབས་སུ་འགྱུར་བ་བྱས་ཏེ་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ནན་བཤད་གནང་བ་རེད།
        དབང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཐའ་འཁྱོངས་དང་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་གཙང་མ་སྒྲུབ་རྒྱུར་དམིགས་ནས་ལས་དོན་སྒྲུབ་པའི་དངོས་ཕན་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། འདི་ལོ་གྲོས་མོལ་སྲིད་གླེང་གི་བྱེད་སྒོ་གལ་ཆེན་དང་། གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་གྲོས་ཀྱི་སྲོལ་ཡིག་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར། སྲིད་གྲོས་ཀྱིས་གྲོས་མོལ་དམངས་གཙོའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་དོན་འཁྱོལ། ཨུ་ཡོན་གྱི་སློབ་སྦྱོང་དང་གསོ་སྦྱོང་སོགས་ཀྱི་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་བྱས་ཏེ་གྲོས་གཞི་འདོན་པ་དང་། བརྟག་ཞིབ། རིགས་པའི་གཞུང་ལུགས་ཞིབ་འཇུག་སོགས་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་གཞོལ་དགོས་པའི་ནན་བཤད་གནང་བ་རེད།
        དབང་དབྱང་གིས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་ནི་ཨུ་ཡོན་ཡོངས་ཀྱིས་ང་ཚོར་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་བྱས་པ་ཞིག་ཡིན་ལ་ཏང་དང་མི་དམངས་ཀྱི་རེ་སྒུག་ཟོལ་མེད་ཀྱང་མཚོན་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་རྣམས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོར་གཏོང་དང་བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་དགོས་ཤིང་། སློབ་སྦྱོང་ལ་ཤུགས་སྣོན་དང་། དད་སེམས་བརྟན་པོ། དམ་པ་དོན་གཉེར། སྤུས་འབྲས་མཐོར་གཏོང་། སྒྲིག་ལམ་ནན་སྲུང་། གཞུང་དྲང་སྤྱོད་གཙང་། མཐུན་སྒྲིལ་དམངས་གཙོ། ལས་ཀ་མཉམ་སྒྲུབ་བཅས་ཀྱི་ཐད་མདུན་གྲལ་དུ་སྐྱོད་པ་དང་། སྣེ་ཁྲིད་ནས་ཡིག་ཐོག་གི་ལས་སྒྲུབ་སྙན་ཞུ་སྤྲོད་པ། ལོ་འཁོར་གྱི“ཨུ་ཡོན་གྱི་སྦྱོང་ཚན”ཡག་པོར་སྒྲུབ་པ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཏན་ཏིག་འདོན་པ་བཅས་བྱས་ནས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་སྣང་ཚུལ་གསར་པ་མངོན་པ་དང་། ལག་རྗེས་གསར་པ་མངོན་འགྱུར། ལེའུ་གསར་པ་རྩོམ་པ་བཅས་ཀྱི་ཆེད་སྐུལ་མ་ཧུར་ཐག་གཏོང་དགོས་ཞེས་གསུངས།
        ཚོགས་འདུའི་ཐོག་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ནས་གྲོས་གཞི་ཨུ་ཡོན་ལྷན་ཁང་དང་། དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་། མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་། སློབ་ཚན་འཕྲོད་ལུས་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཤང་ཀང་ཨའོ་མོན་ཐའེ་དབན་གྱི་ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་བཅས་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་གཏན་འབེབས་བྱས་པ་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་བསྐོ་གཞག་གི་མཚན་ཐོ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན་དང་དེ་བཞིན་ཀྲུའུ་རེན་གཞོན་པའི་མཚན་ཐོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
        རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། དབན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝེ། མ་པེའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལི་པིན། པ་ཐེར། དབང་ཡུང་ཆིང་། ཧོ་ལི་ཧྥེང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཞུགས་པ་རེད།