མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་གི་ཐོག་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་
ཀྱི་ཀྲུའུ་ཞིར་བདམས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་18ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་གི་ཐོག་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་
ཀྱི་ཀྲུའུ་ཞིར་བདམས་པ།

        མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་17ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་རེད།
     འདེམས་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱེད་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་པ་རེད།
     ད་དུང་ཚོགས་འདུའི་ཐོག་ལི་ཀྲན་ཧྲུའུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་པ་དང་། ཝང་ཆི་ཧྲན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་པ་རེད།
     སྔ་དྲོའི་ཆུ་ཚོད་9པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད།
     ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།
     ཚོགས་འདུར་འཐུས་མི་2980ཕེབས་དགོས་པ་དང་། འཐུས་མི་2970ཕེབས་ཡོད་པ་དང་། འཐུས་མི་10ཕེབས་ཐུབ་མེད་པས་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
     ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲེན་ཤིས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཏུང་མིང་དང་། ཞུས་ཆི་ལེང་། ཀྲང་ཤོན། ལོའུ་ཆིན་ཅན། ལུའོ་ཧུའེ་ཉིང་། ཅང་ཁྲའོ་ལེང་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བཞུགས་ཡོད་པ་རེད།
     ཚོགས་འདུའི་ཐོག་དང་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞིའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གཏན་འབེབས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་འབྲེལ་ཇུས་གཞི་དེར་ཆོག་མཆན་སྤྲད་ཡོད་པ་རེད།
     ཚོགས་ཆེན་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཚགས་ཚུད་པོ་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་འདེམས་བསྐོ་དང་བསྐོ་གཞག་གཏན་འཁེལ་གྱི་བྱ་ཐབས་ལ་གྲོས་འཆམ་བྱུང་བ་རེད།
     ཆུ་ཚོད་9དང་སྐར་མ་23ལ་འདེམས་བསྐོ་དངོས་སུ་བྱེད་འགོ་ཚུགས་པ་རེད། འདེམས་ཤོག་ལྟ་སྐུལ་བས་དང་ཐོག་ཚོགས་རར་བཀོད་སྒྲིག་བྱས་པའི་གློག་རྡུལ་འདེམས་ཤོག་སྒམ་28དང་། གློག་རྡུལ་འདེམས་བསྐོའི་མ་ལག་ལ་ཞིབ་བཤེར་བྱས་པ་རེད། དེ་རྗེས་ལས་དོན་མི་སྣས་འདེམས་ཤོག་བཀྲམ་པ་དང་། ཚོས་གཞི་མི་འདྲ་བའི་འདེམས་ཤོག་ཁག་བཞི་འཐུས་མི་མི་རེ་ངོ་རེའི་ཕྱག་ལ་སྤྲད་པ་དང་། འདེམས་ཤོག་རྒྱ་ཡིག་དང་། གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་བདུན་ནས་པར་བརྒྱབ་ཡོད།
     དེ་རྗེས་འཐུས་མི་ཚོས་འདེམས་ཤོག་འབྲི་འགོ་ཚུགས་པ་དང་། ཚོགས་རའི་རྒྱབ་ཁུལ་དུ་གསང་བའི་འདེམས་ཤོག་འབྲི་ས་ཡོད།
     འདེམས་བསྐོ་དང་བསྐོ་གཞག་བྱ་ཐབས་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཆེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་སོགས་བདམས་པ་རེད།
     ཆུ་ཚོད་9དང་སྐར་མ་41ལ་སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་བ་དང་འདེམས་ཤོག་ལྟ་སྐུལ་བས་དང་ཐོག་འདེམས་ཤོག་འཕངས་པ་དང་། དེ་རྗེས་འཐུས་མི་ཚོས་འདེམས་ཤོག་འཕངས་པ་རེད། འདེམས་ཤོག་འཕེན་མཇུག་འགྲིལ་རྗེས་སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་བས་འདེམས་ཤོག་སྤྲད་པ་དང་བླངས་པའི་གནས་ཚུལ་སྙན་ཞུ་གནང་བ་དང་། འདེམས་ཤོག་གོ་ཆོད་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད།
     ལས་དོན་པས་འདེམས་ཤོག་མཇུག་རྩིས་བརྒྱབ་འབྲས་ཁྱབ་བསྒྲགས་བྱས་པ་རེད།
     འདེམས་ཤོག་འཕངས་འབྲས་ལས་མངོན་པར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིའི་འདེམས་བསྐོའི་ནང་། ཞི་ཅིན་ཕིང་ལ་མོས་མཐུན་ཡོད་པའི་འདེམས་ཤོག་2970ཚང་མ་ཐོབ་ཡོད། དེའི་སྐབས་སུ་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
     གཙོ་སྐྱོང་བས་བློ་མཐུན་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས་པ་དང་། དེ་རྗེས་ཞི་ཅིན་ཕིང་གིས་ཡར་བཞེངས་ནས་འཐུས་མི་རྣམས་ལ་གུས་འདུད་ཞུས་པ་དང་། འཐུས་མི་རྣམས་ཀྱང་ཡར་བཞེངས་ཤིང་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་བཞིན་ཞི་ཅིན་ཕིང་ལ་གུས་ལུགས་མཚོན་པར་གནང་བ་རེད། གཞོགས་སུ་བཞུགས་པའི་ལི་ཁེ་ཆང་དང་ཀྲང་ཏེ་ཅང་རྣམ་གཉིས་ཀྱིས་ཞི་ཅིན་ཕིང་ལ་ཕྱག་བཏང་ནས་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
     གཙོ་སྐྱོང་བས་བློ་མཐུན་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས་རྗེས། ཚོགས་རའི་ནང་སླར་ཡང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་དང་། ཞི་ཅིན་ཕིང་གིས་སླར་ཡང་ཡར་བཞེངས་ནས་འཐུས་མི་རྣམས་ལ་གུས་འདུད་ཞུས་གནང་བ་རེད། དེ་རྗེས་གཙོ་སྐྱོང་བས་རིམ་པ་བཞིན་བློ་མཐུན་ལི་ཀྲན་ཧྲུའུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་ཐོན་བྱུང་བ་དང་། བློ་མཐུན་ཝང་ཆི་ཧྲན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ། བློ་མཐུན་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཤན། ཧྲེན་གཡོད་གཡོད། ཅི་པིང་ཤོན། ཨའེ་ལེ་ཀེང·དབྱི་མིང་པ་ཧའེ། དབན་ཨེ་ཤང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝུའེ་ཧྭ་བཅས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བདམས་ཐོན་བྱུང་བ། བློ་མཐུན་དབྱང་ཀྲེན་ཝུའུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེར་བདམས་ཐོན་བྱུང་བ་བཅས་ཁྱབ་བསྒྲགས་གནང་བ་རེད།
     འདེམས་བསྐོ་བྱས་འབྲས་ཁག་རེ་རེ་བཞིན་ཁྱབ་བསྒྲགས་བྱེད་སྐབས་ཚོགས་རར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
     ཐལ་མོའི་རྡེབ་སྒྲའི་ཁྲོད་གསར་དུ་བདམས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཡར་བཞེངས་ནས་འཐུས་མི་ཚོར་གུས་འདུད་ཞུས་གནང་བ་རེད། དེ་རྗེས་ཁོང་ཞི་ཅིན་ཕིང་གི་སྐུ་འགྲམ་དུ་བཅར་ནས་ཁོང་རྣམ་གཉིས་མཛའ་བརྩེ་ཆེན་པོས་ཕྱག་བཏང་གནང་བ་དང་ཞི་ཅིན་ཕིང་གིས་ཁོང་ལ་རྟེན་འབྲེལ་ཞུས་གནང་བ་རེད། སླར་ཡང་ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་དང་ཕྱག་བཏང་གནང་ནས་ཕན་ཚུན་གུས་འདུད་ཞུས་གནང་བ་དང་། ཀྲང་ཏེ་ཅང་གིས་ཀྱང་ཞི་ཅིན་ཕིང་དང་ཕྱག་བཏང་གནང་ནས་ཐུགས་རྗེ་ཆེ་དང་གུས་འདུད་ཞུས་གནང་བ་རེད།
     ཐལ་མོའི་རྡེབ་སྒྲའི་ཁྲོད་གསར་དུ་བདམས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་འཐུས་མི་ཚོར་གུས་འདུད་ཞུས་པ་རེད། ཞི་ཅིན་ཕིང་གིས་ཁོང་དང་མཛའ་བརྩེ་ཆེན་པོས་ཕྱག་བཏང་གནང་ནས་རྟེན་འབྲེལ་ཞུས་པ་རེད།
    རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་སྒྲིག་འཛུགས་བྱེད་ཐབས་གཞིར་བཟུང་། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་ཁག་ལེགས་གྲུབ་ཟིན་རྗེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་རེད།
    ཆུ་ཚོད་10དང་སྐར་མ་49ལ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རོལ་མོ་ཚོགས་པའི་རོལ་མོ་དཀྲོལ་མཁན་གྱིས་ཚོགས་རར་དམ་འཇོག་མཛད་སྒོའི་རོལ་དབྱངས་དཀྲོལ་བ་རེད།
     སྐམ་མཚོ་མཁའ་གསུམ་གྱི་དམག་དཔུང་གི་གཟབ་སྦྲེང་དམག་མི་12ཀྱིས་བང་གཉིས་བསྒྲིགས་ཏེ་ཚོགས་རའི་རྒྱབ་ཕྱོགས་ནས་གོམ་སྟབས་འགྲིག་པོས་ཀྲུའུ་ཞི་སྡིངས་ཆའི་མདུན་དུ་བསྐྱོད་དེ་ཡུན་རིང་ལངས།
    ཚོགས་རའི་མི་ཡར་བཞེངས་པ་དང་། ཀྲུའུ་ཞི་སྡིངས་ཆའི་ཐོག་གུས་དམག་གསུམ་གྱིས་གོམ་སྟབས་འགྲིག་པོ་སྤོས་ནས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》ཚོགས་རར་སྲུང་སྐྱེལ་བྱས་པ་དང་འབྲེལ་རྩ་ཁྲིམས་དམ་བཅའ་འཇོག་པའི་སྟེགས་བུའི་ཐོག་བཞག་པ་རེད།
    དམག་མིའི་རོལ་མོ་ཚོགས་པའི་རམ་དཀྲོལ་རོལ་མོའི་འོག་ཚོགས་ར་ཡོངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཐོན་པོར་བླངས་པ་རེད།
     དེ་རྗེས་ལས་དོན་མི་སྣས་ད་ལྟ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམ་བཅའ་འཇོག་གནང་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
    ཀྲུའུ་ཞི་ཚོགས་རར་ཕེབས་པའི་དུང་བརྡ་གྲགས་པ་དང་སྦྲགས་གསར་དུ་བདམས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་སྡིངས་ཆ་ནས་ཡར་བཞེངས་ཏེ་མྱུར་ལ་བརྟན་པའི་གོམ་སྟབས་སྤོས་གནང་ནས་དམ་བཅའ་འཇོག་པའི་སྟེགས་བུའི་མདུན་དུ་བཞེངས།
    ཀྲུའུ་ཞི་སྡིངས་ཆའི་རྒྱབ་ཀྱི་དཀྱིལ་ངོས་སུ་རྒྱལ་རྟགས་མཐོན་པོར་བཀལ་ནས་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད། ཚོགས་རར་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་བླ་ན་མེད་པའི་དུས་སྐབས་དེར་བདེན་དཔང་གནང་བ་རེད། ཞི་ཅིན་ཕིང་གིས་ཕྱག་གཡོན་མ་རྩ་ཁྲིམས་ཀྱི་སྟེང་དུ་བཞག་གནང་བ་དང་། ཕྱག་གཡས་པས་ཁུ་མཚུར་བཏེགས་ནས་སྒམ་བརླིང་ལྡན་པའི་དམ་བཅའ་བཞག་གནང་བ་རེད།
     "ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བློ་དཀར་སེམས་དཀར་དང་། རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་། ཁྲིམས་གཏན་འཁེལ་བའི་འགན་འཁྲི་སྒྲུབ་པ། མེས་རྒྱལ་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་བློ་དཀར་སེམས་དཀར། རང་འགན་ནན་སྒྲུབ། སྤྱོད་གཙང་གཞུང་དྲང་བཅས་བྱས་ཏེ་མི་དམངས་ཀྱི་ལྟ་སྐུལ་དང་ལེན་ཞུས་ནས་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་འབད་འཐབ་བྱ་རྒྱུའི་དམ་བཅའ་འཇོག་རྒྱུ་ཡིན"
    སྒྲ་གསལ་ཞིང་ཤུགས་ཆེ་བའི་དམ་བཅའ་འཇོག་པའི་གསུང་སྒྲ་མི་དམངས་ཚོགས་ཁང་ཆེ་མོར་གྲགས།
    དམ་བཅའ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་ཚོགས་ར་ཡོངས་ལ་གུས་འདུད་ཞུས་གནང་བ་དང་ཚོགས་རར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།
    དེ་རྗེས་གསར་དུ་བདམས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་དང་། གསར་དུ་བདམས་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཁག་སོ་སོར་རྩ་ཁྲིམས་ལ་དམ་བཅའ་བཞག་གནང་བ་དང་། གསར་དུ་བདམས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཆེས་མཉམ་སྡེབ་དམ་བཅའ་བཞག་གནང་བ་རེད།